Tibetan Royal Year of 2151 | Year of the Wood Dragon

༸རྒྱལ་དབང་༸སྐུ་ཕྲེང་རིམ་བྱོན་གྱི་སྒྲིག་འཛུགས་ཀྱི་གལ་གནད་རང་བཞིན་དང་འབྲེལ་བའི་ཚོགས་འདུ་དབུ་འཛུགས།

Tibetan News Headlines

  • བོད་ཀྱི་བེུད་། བལ་ཡུལ་ལྷ་མོ་ཚོགས་པའི་ཚོགས་མི་དང་གློག་བརྙན་འཁྲབ་སྟོན་པ་འཕྲིན་ལས་ལྷ་མོ་ལགས་དང་ལྷན་ཁོང་གི་སྒྱུ་སྩལ་གྱི་ལམ་བུའི་སྐོར་གླེང་མོལ།

རེས་གཟའ་ཉི་མ། ༢༠༢༤།༠༥།༠༥

  • Women of Tibet: In conversation with Thinley Lhamo, member of Nepal Tibetan opera and star in Nepalese film ‘Shambala’

དེ་རིང་ཕྱི་ཟླ་ ༨ ཕྱི་ཚེས་ ༢༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩༌༣༠ ཐོག་བཞུགས་སྒར་ཉེ་འཁྲིས་སུ་ཆགས་པའི་  Imperial Heights གསོལ་མགྲོན་ཁང་གི་ཚོགས་ཁང་དུ་༸རྒྱལ་དབང་༸སྐུ་ཕྲེང་རིམ་བྱོན་གྱི་སྒྲིག་འཛུགས་ཀྱི་གལ་གནད་རང་བཞིན་དང་འབྲེལ་བའི་ཉིན་གཉིས་རིང་གི་ཚོགས་འདུ་དབུ་འཛུགས་གནང་སོང་།དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་པའི་༸རྒྱལ་དབང་༸སྐུ་ཕྲེང་རིམ་བྱོན་གྱི་སྒྲིག་འཛུགས་ཀྱི་གལ་གནད་རང་བཞིན་དང་འབྲེལ་བའི་ཚོགས་འདུ་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དབུ་བཞུགས་ཐོག་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཁྱབ་ཁོངས་ས་གནས་གཞོན་ནུ་ལྷན་ཚོགས་ཁག་ ༤༢ ཀྱི་རྒྱུན་ལས་དང་ཚོགས་མི། བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་མིའི་གཞུང་འབྲེལ་མ་ཡིན་པ་ཚོགས་པ་ཁག་གི་སྐུ་ཚབ་བཅས་མཉམ་ཞུགས་གནང་འདུགསྐབས་དེར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས་༸རྒྱལ་དབང་༸སྐུ་ཕྲེང་རིམ་བྱོན་གྱིས་ད་བར་བོད་བསྟན་སྲིད་སྤྱིའི་བདེ་དོན་སླད་དུ་བསྐྱངས་པའི་མཛད་འཕྲིན་ཁག་གཅིག་ངོ་སྤྲོད་ཞུས་པ་དང་སྦྲགས་ཏེ། ཚོགས་འདུ་འདི་ནི་མང་ཚོགས་རྣམས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་དབུས་པའི་༸རྒྱལ་དབང་༸སྐུ་ཕྲེང་རིམ་བྱོན་གྱི་ཆོས་སྲིད་གཉིས་ཀྱི་མཛད་འཕྲིན་རྣམས་ཤེས་རྟོགས་ཐུབ་ཐབས་དང་། ལྷག་དོན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་དོན་ཚན་དང་པོ་དང་། ད་བར་ཚོགས་པའི་ཚོགས་ཆེན་རིམ་པའི་གྲོས་ཆོད་ཁག་གི་དགོངས་དོན་ལྟར་དྲིན་གསབ་ཏུ་མེད་པའི་བླ་ན་མེད་པའི་དབུ་ཁྲིད་རྣམ་པའི་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་སོགས་ལ་དམིགས་ཏེ་གོ་སྒྲིག་ཞུས་པ་ཞིག་ཡིན་པར་གསུངས་སོང་།  སྐུ་མགྲོན་གཙོ་བོ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་༸རྒྱལ་བ་༸སྐུ་ཕྲེང་ན་རིམ་གྱི་བཀའ་དྲིན་བསམ་ཤེས་ཐུབ་པར་༸རྒྱལ་དབང་༸སྐུ་ཕྲེང་ན་རིམ་གྱི་མཛད་རྣམ་དང་དེ་འབྲེལ་བོད་ཀྱི་ལོ་རྒྱུས་གནས་བབས་ཤེས་པ་གནང་གལ་ཡིན་པ་དང་། ལྷག་པར་དེ་རིང་གོ་སྒྲིག་ཞུས་པའི་༸རྒྱལ་དབང་༸སྐུ་ཕྲེང་རིམ་བྱོན་གི་སྒྲིག་འཛུགས་ཀྱི་གལ་གནད་རང་བཞིན་དང་འབྲེལ་བའི་ཚོགས་འདུ་འདི་ལྟ་བུ་ཐོག་ནས་བོད་པའི་བསམ་ཚུལ་ཙམ་མིན་པར་རྒྱ་ཆེ་ས་ནས་རྒྱལ་སྤྱིའི་རྒྱལ་ཁབ་གཞན་རྣམས་ཀྱི་བསམ་ཚུལ་གང་འདྲ་ཡོད་མེད་བསྡུ་རུབ་ཞུས་ཏེ་རྒྱལ་ཁབ་སོ་སོའི་ནང་ཐག་གཅོད་ཀྱི་ངོ་བོའི་ཐོག་ནས་གཏན་འབེབས་རིགས་ཐུབ་ཚེ་མ་འོངས་པར་ཕན་ཐོགས་ཡོང་ངེས་ཡིན་པར་གསུངས་ཡོད།  སྲིད་སྐྱོང་མཆོག་གིས་ད་དུང་༸རྒྱལ་དབང་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བོད་བསྟན་སྲིད་སྤྱིའི་སླད་དུ་མཛད་འཕྲིན་ཇི་སྙེད་ཅིག་བསྐྱངས་དང་སྐྱོང་བཞིན་པའི་ཁྲོད་དབུ་མའི་ལམ་ནི་མཛད་འཕྲིན་གནད་ཆེ་བའི་གྲས་ཤིག་ཡིན་པར་འགྲེལ་བརྗོད་དང་ཆབས་ཅིག བོད་མི་མང་ཚོགས་ཡོངས་ནས་དབུ་མའི་ལམ་དང་འབྲེལ་བའི་༸རྒྱལ་བའི་བཞེད་དགོངས་གང་ཡིན་པ་དེ་ཤེས་ཐབས་གནང་གལ་ཆགས་ཡོད་པ་དང་། སྤྱིར་སྤྱི་ཚོགས་ནང་བསམ་བློ་མི་འདྲ་བ་ཡོད་པ་དེ་ནི་ཆོས་ཉིད་ཅིག་ཡིན་ཀྱང་མཐར་བསམ་ཚུལ་མཐུན་མིན་ལ་མ་ལྟོས་པར་ང་ཚོས་བོད་ཀྱི་རྩ་དོན་ལ་ཕན་པ་ཞིག་གནང་དགོས་ཞེས་གསུངས་ཡོད།དེ་བཞིན་སྲིད་སྐྱོང་མཆོག་གིས་༸རྒྱལ་དབང་༸སྐུ་ཕྲེང་རིམ་བྱོན་གྱི་སྒྲིག་འཛུགས་ཀྱི་གལ་གནད་དང་འབྲེལ་ཏེ་༸གོང་ས་༸སྐྱབས་མགོན་ཆེན་པོ་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་བཀའ་བསྡུར་གནང་འཆར་ཡོད་པ་དང་འབྲེལ། ༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་མགོན་པོ་༸གང་ཉིད་མཆོག་གིས་བསྟན་བདག་བླ་ཆེན་རྣམ་པའི་ཚོགས་ཆེན་དང་། བཀའ་ཆོས་ཁག་གི་སྐབས་བཀའ་སློབ་སྩལ་ཁག་གཞི་རྩར་བཟུང་སྟེ་ང་ཚོའི་ངོས་ནས་གནད་དོན་འདིའི་ཐོག་བཀའ་བསྡུར་གནང་རན་མིན་ལ་དགོངས་པ་བཞེས་གལ་ཡིན་པ་དང་། སླད་མར་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་བཀའ་བསྡུར་མང་པོ་ཡོང་ངེས་ལ་གཟིགས་ཏེ་འཛིན་སྐྱོང་བཀའ་ཤག་གི་བཞེངས་ཕྱོགས་གང་ཡིན་དང་འབྲེལ་བའི་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་འཆར་ཡོད་པ་གསུངས་སོང་།གཞན་ཡང་སྲིད་སྐྱོང་མཆོག་ནས་ད་ལྟའི་རྒྱལ་སྤྱིའི་ཆབ་སྲིད་དང་རྒྱ་ནག་ནང་གི་འགོ་ཁྲིད་ཕན་ཚུན་དབར་ལ་བློ་མ་མཐུན་པའི་རྣམ་པ་ཆེ་རུ་འགྲོ་བཞིན་པའི་གནས་སྟངས་སོགས་འགྲེལ་བརྗོད་གནང་བ་དང་འབྲེལ་ནས་ཚོགས་མི་ཡོད་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཆབ་སྲིད་ཀྱི་ལས་དོན་ཐོག་ནུས་པ་ཆེས་ཆེར་བཏོན་དགོས་གལ་ཡིན་པ་སོགས་ལམ་སྟོན་གནང་ཡོད།  གཞི་རྩའི་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་དེ་རིང་དང་སང་ཉིན་བཅས་ཉིན་གྲངས་གཉིས་རིང་གོ་སྒྲིག་ཞུས་པའི་༸རྒྱལ་དབང་༸སྐུ་ཕྲེང་རིམ་བྱོན་གྱི་སྒྲིག་འཛུགས་ཀྱི་གལ་གནད་རང་བཞིན་དང་འབྲེལ་བའི་ཚོགས་འདུའི་འགྲོ་གྲོན་རྣམས་ཨ་རིར་རྟེན་གཞི་བྱས་པའི་བོད་ཀྱི་ཐེབ་རྩ་ཁང་ནས་གནང་གི་ཡོད་པ་དང་། ཚོགས་དུས་རིང་ལ་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་སློབ་སྤྱི་གྲྭ་ཐུབ་བསྟན་ཡར་འཕེལ་ལགས་དང་ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་འབུམ་རམས་པ་བྱམས་པ་བསམ་གཏན་ལགས། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་དགེ་རྒན་ཆེན་མོ་སྤྱི་ཟུར་བསོད་ནམས་རྒྱལ་མཚན་ལགས། ༸སྐུའི་དབྱིན་སྐད་གསུང་སྒྱུར་བ་འབུམ་རམས་པ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས། དེ་བཞིན་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་འགན་འཛིན་འབུམ་རམས་པ་དགེ་བཤེས་བློ་བཟང་བསྟན་འཛིན་ནེ་གི་ལགས། བོད་ཀྱི་ཐེབས་རྩ་ཁང་གི་འགན་འཛིན་བཀའ་ཟུར་རྫ་ཡུལ་བློ་བཟང་སྙན་གྲགས་ལགས་བཅས་ཀྱིས་༸རྒྱལ་དབང་༸སྐུ་ཕྲེང་རིམ་བྱོན་གྱི་སྒྲིག་འཛུགས་ཀྱི་བྱུང་རིམ་དང་། ས་བབ་སྲིད་བྱུས་ཐོག་༸གོང་ས་མཆོག་གི་སྒྲིག་འཛུགས་ཀྱི་གལ་གནད། བོད་མིའི་རང་དབང་འཐབ་རྩོད་ཐོག་༸གོང་ས་མཆོག་གི་གལ་གནད། དེ་བཞིན་༸གོང་ས་མཆོག་གི་སྒྲིག་འཛུགས་ཀྱི་འབྱུང་འགྱུར་གྱི་གནད་དོན་བཅས་ཀྱི་ཐོག་གསུང་བཤད་དང་དྲི་བ་དྲིས་ལན་གནང་གི་ཡོད་པ་རེད།ཉིན་གཉིས་རིང་གི་ཚོགས་འདུ་ཚོགས་ཟིན་རྗེས་རེས་གཟའ་སྤེན་པ་ནས་ཉིན་གྲངས་དྲུང་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༨ ཚོགས་ཀྱི་ཡོད་པ་དང་རྒྱུན་ལས་གསར་པ་འོས་འདེམས་གནང་གི་ཡོད་པ་རེད། སྐབས་དེར་ཚོགས་ཆེན་ཐོག་ས་གནས་ཁག་ ༤༢ ཀྱི་རྒྱུན་ལས་སྐུ་ཚབ་རྣམས་མཉམ་ཞུགས་གནང་གི་འདུག

འབྲེལ་ཡོད་གསར་གནས།

གསར་གནས།