Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་དགུང་གྲངས་བརྒྱ་དང་བཅུ་ལྷག་བཞུགས་རྒྱུའི་བཀའ་བཞེས་བཟང་པོ་སྨིན་སྩལ་མཛད་པ།

Tibetan News Headlines

  • Dalai Lama honored with PV Narasimha Rao Memorial Award
  • Xi Jinping appoints senior diplomat Xu Feihong as China’s new envoy to India
  • US revokes licences for supply of chips to China’s Huawei
  • China’s Xi Arrives in Serbia to Bolster Ties With Europe’s East
  • Kyirong Jowo welcomed into the Main Temple in Dharamshala for public viewing and worship

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༨

  • ༸གོང་ས་མཆོག་ལ་ Narasimha Rao རྗེས་དྲན་གྱི་ཞེ་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པ།
  • Xu Feihong རྒྱ་གར་བཅའ་སྡོད་རྒྱ་ནག་གཞུང་ཚབ་པ་གསར་པར་བསྐོ་གཞག
  • ཨ་རིས་རྒྱ་ནག་ཧྭའོ་ཝེ་བཟོ་ལས་ཁང་ལ་ཁ་པར་བཟོ་སྐྲུན་སོགས་ཀྱི་ནང་བཀོལ་སྤྱོད་བྱེད་པའི་ Chip མཁོ་སྤྲོད་ཀྱི་ཆོག་མཆན་ཕྱིར་
  • ཞི་ཅིན་ཕིང་གི་ཡོ་རོབ་སྐོར་བསྐྱོད་ཁྲོད་རྒྱ་ནག་དང་མཐུན་ཕྱོགས་རྒྱལ་ཁབ་ Serbia ནང་དུ་འབྱོར་བ།
  • སྐྱིད་གྲོང་ཇོ་བོ་ཝ་ཏི་བཟང་པོའི་རྟེན་ངོ་སྤྲོད།

དེ་རིང་ཕྱི་ཟླ་ ༤ ཚེས་ ༥ རེས་གཟའ་ལྷག་པ་༸རྒྱལ་བའི་༸སྐུའི་བླ་གཟའ་ཉིན་གྱི་སྔ་ཐོག་མུ་སུ་རི་གཏན་སློབ་དང་བོད་ཁྱིམ་དགེ་ལས་སློབ་ཕྲུག་དང་སློབ་ཟུར། པཅ་མ་རི་གཏན་སློབ་དང་ལག་ཤེས་བཟོ་གྲྭ་གཉིས་ཀྱི་ལས་སློབ་ཟུར་པ་བཅས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་མི་འཇིག་རྡོ་རྗེ་འཆང་གི་ངོ་བོར་བརྟན་ཕྱིར་༸གོང་ས་ལྔ་པ་ཆེན་པོའི་དག་སྣང་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་སྒོ་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་སོང་།

རྩ་བའི་ཕྱི་ཟླ་ ༤ ཚེས་ ༡ ནས་ ༥ བར་ཉིན་ལྔའི་རིང་ཐེངས་འདིའི་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་ཞྭ་སེར་བསྟན་པའི་གསལ་བྱེད་༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་རྗེ་བཙུན་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་མཆོག་དང་སྔགས་འཆང་འོད་ཟེར་རྡོ་རྗེ་རིན་པོ་ཆེ་མཆོག་རྣམ་པ་གཉིས་དབུ་བཞུགས་ཐོག་རྣམ་གྲྭ་ཕན་བདེ་གླིང་འདུས་ཚོགས། དེ་བཞིན་དྷ་ས་ཁུལ་གྱི་བསྙེན་མཚམས་པ་སོགས་ཀྱིས་༸སྐུ་ཚེ་ཚེ་སྒྲུབ་གནང་མུས་ལྟར། དེ་རིང་སྔ་དྲོ་ཕྱག་ཚོད་ ༦༌༠༠ ཐོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་དབུ་བཞུགས་ཀྱིས་མུ་མཐུད་༸སྐུ་ཚེ་ཚེ་སྒྲུབ་གནང་ཡོད།

༸སྐུའི་ཚེ་སྒྲུབ་ཀྱི་གནང་སྒོ་ཁག་ལེགས་པར་གྲུབ་རྗེས་ཕྱག་ཚོད་ ༧༌༣༠ ཡོལ་ཙམ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་སྒྱུར་སྐབས་ཕོ་བྲང་རྒྱལ་སྒོ་ནས་རྣམ་གྲྭའི་སྤྱན་རྒྱ་སྤོས་འཛིན་དང་། སྦྱིན་བདག་མི་འཐུས་གཙོས་འབྲེལ་ཡོད་ཁག་གཅིག་བཅས་ནས་སྤོས་སྣེ་སྤྱན་འདྲེན་ཞུས་པ་དང་སྦྲགས། ཕྱི་ནང་གི་དད་ལྡན་སེར་སྐྱ་སྟོང་ཕྲག་མང་པོས་ཕེབས་བསུ་གཟབ་རྒྱས་དང་བཅས་བཞུགས་ཁྲིར་༸ཞབས་སོར་བདེ་བར་འཁོད་མཚམས་སུ་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་གིས་མཇལ་དར་རྐྱང་ཕུལ་དང་མཎྡྲལ་འདེགས་འབུལ་ཞུས་སོང་།

སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་འདིར་བརྟན་བཞུགས་ཐོག་དངོས་སུ་འདུས་པ་བཙན་བྱོལ་བའི་བོད་མི་ཉུང་ཤས་ཤིག་འདུས་ཡོད་པ་དང་ལྷག་པར་དུ་ལུས་པོ་འདིར་འཁོད་མེད་ཀྱང་བསམ་བློའི་ཐོག་ནས་བོད་ཆོལ་ཁ་གསུམ་གྱི་བོད་མི་རྣམས་ཀྱིས་གཙོས་པའི་རྒྱ་ནག་དང་སོག་པོ་བཅས་ཀྱི་མང་ཚོགས་ཚོས་མགོན་པོ་༸གང་ཉིད་མཆོག་ལ་དགའ་དད་སྤྲོ་གསུམ་གཡོ་བ་མེད་པའི་ངང་ནས་༸སྐུ་ཚེ་ཡུན་དུ་བརྟན་པའི་སྨོན་ལམ་རྒྱག་བཞིན་ཡོད་པ་ལྟར་མགོན་མཆོག་གིས་ཀྱང་བྱང་ཆུབ་ཀྱི་སེམས་སྒོམ་གྱི་ཡོད་པས་དེས་གཞན་ལ་ཁ་ཡོག་ལག་ཡོད་ཕན་ཐོགས་ཡོང་གི་འདུག་ཅེས་བཀའ་སྩལ་བ་དང་སྦྲགས། མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་ཡུན་དུ་བརྟན་རྒྱུ་ནི་འཛམ་གླིང་གི་སྐྱེ་འགྲོ་སྤྱི་དང་ལྷག་པར་དུ་བོད་མི་རྣམས་ཀྱི་འཕྲལ་ཕུགས་ལེགས་ཚོགས་ཀུན་གྱི་གཞི་རྟེན་ལྟ་བུར་ཆགས་ཡོད་སྟབས། མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་ཡུན་དུ་བརྟན་དགོས་གལ་བཞིན་ད་དུང་དགུང་གྲངས་བརྒྱ་དང་བཅུ་ལྷག་བཞུགས་རྒྱུ་ཡིན་ཞེས་བཀའ་བཞེས་བཟང་པོ་སྨིན་སྩལ་མཛད་སོང་།

ལྷག་པར་དུ་༸གོང་ས་མཆོག་གིས་འཛམ་གླིང་འདིའི་སྐྱེ་འགྲོ་ཀུན་ལ་མགོན་པོ་༸གང་ཉིད་མཆོག་གིས་ཕན་ཐོགས་རྒྱ་ཆེན་པོ་མཛད་ཐུབ་ཀྱི་ཡོད་པ་ལྟར་སླད་མར་འགྲོ་ཕན་རྒྱ་གང་ཆེར་མཛད་རྒྱུ་དང་དེ་བཞིན་བོད་རྒྱ་ཧོར་གསུམ་གྱི་ནང་ལ་སངས་རྒྱས་ཀྱི་བསྟན་པ་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཐུབ་པའི་གདེང་སྤོབས་ཆེན་པོ་ཡོད་པས་དེ་ལྟར་ཐུབ་ཕྱིར་༸སྐུ་ཚེའི་འཕེན་པ་གཏང་གི་ཡིན་ལ། ཁྱེད་རང་ཚོསད་ཀྱང་༸སྐུ་ཚེ་ཡུན་དུ་བརྟན་པར་ཐུགས་སྨོན་རྒྱག་ཤོག་ཅེས་བཀའ་སྩལ་ཡོད།

བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་༸སྐུའི་གསང་གསུམ་ལ་ཚུལ་བསྟན་མི་ཤིས་པའི་མཚན་མའི་རིགས་ཕྲ་མོ་ཙམ་ཞར་ཡང་མི་བཞེས་ཤིང་། བསྟན་འགྲོ་སྤྱི་དང་བྱེ་བྲག་ཏུ་ཁ་བ་གངས་ཅན་པའི་ལྗོངས་ཀྱི་མགོན་དཔུང་དམ་པར་༸སྐུ་ཚེ་ཞབས་པད་མི་འགྱུར་རྡོ་རྗེ་ཆོས་བདུན་གྱི་ངོ་བོར་བརྟན་པའི་བརྟན་བཞུགས་དངོས་དང་འབྲེལ་བའི་མཎྡྲལ་ལྗགས་བཤད་གནང་བ་དང་འབྲེལ་ཏེ་སྒོ་གསུམ་གྱི་སྤྱོད་པའི་བྱ་བ་གང་གཉེར་དེ་དག་ཐམས་ཅད་ བློ་རྩེ་གཉིས་སུ་མེད་པར་མགོན་པོ་༸གང་ཉིད་མཆོག་གི་བཀའ་དགོངས་དང་མཐུན་ཕྱིར་ཤར་སྐྱོད་ཞུ་རྒྱུ་ཡིན་ཞེས་དང་། བོད་གངས་ཅན་པ་རྣམས་ཀྱི་འཕྲལ་ཕུགས་ལེགས་ཚོགས་ཀུན་གྱི་གཞི་རྩར་དགོངས་ཡངས་ཆེན་པོས་༸སྐུ་ཚེ་བསྐལ་བརྒྱར་བརྟན་པའི་བཀའ་བཞེས་བཟང་པོ་སྤྱི་བོའི་མཛེས་རྒྱན་དུ་གྱུར་བ་མཁྱཻན། མཁྱཻན། མཁྱཻན་ཞེས་༸གོང་ས་ལྔ་པ་ཆེན་པོའི་དག་སྣང་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཐོག་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་སོང་། 

གཞི་རྩའི་ཐེངས་འདིའི་བརྟན་ཞུགས་ཐོག་མུ་སུ་རི་གཏན་སློབ་དང་བོད་ཁྱིམ་དགེ་ལས་སློབ་ཕྲུག་དང་སློབ་ཟུར། པཅ་མ་རི་གཏན་སློབ་དང་ལག་ཤེས་བཟོ་གྲྭ་གཉིས་ཀྱི་ལས་སློབ་ཟུར་པ་བཅས། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། བཞུགས་སྒར་དུ་གཉུག་མར་གནས་པ་དང་གློ་བུར་ལྷགས་པའི་ཕྱི་ནང་གི་སེར་སྐྱ་མང་ཚོགས་སོགས་ཕེབས་འདུག

སྐབས་དེར་མ་སུ་རི་སློབ་ཕྲུག་ ༦༠ སྐོར་ཞིག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་པའི་གསོལ་འདེབས་བསྟོད་གླུ་གཟིགས་འབུལ་ཞུས་ཡོད་པ་རེད། ༸སྐུ་པར་བདག་དབང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་།

འབྲེལ་ཡོད་གསར་གནས།

གསར་གནས།