Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་ཕྱི་ལོ་ ༢༠༢༣ ལོའི་སྔགས་རམས་དགེ་བཤེས་མ་བཅུ་ལ་མཇལ་ཁ་སྩལ་བ།

Tibetan News Headlines

  • Gongma Rinpoche at 80: An in-depth interview with Sakya Gongma Trichen Rinpoche uncovering his life journey and biography

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • དམིགས་བསལ་ལས་རིམ། ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་༧སྐུ་ཚེའི་མཛད་རྣམ་སྙིང་བསྡུས།

དེ་རིང་ཕྱི་ཚེས་ ༦ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༢༣ ལོར་སྔགས་རམས་ཐོན་པའི་དགེ་བཤེས་མ་བཅུ་ལ་མཇལ་ཁ་བཀའ་དྲིན་སྩལ་འདུག

དེ་ཡང་བོད་ཀྱི་བཙུན་མའི་ལས་འཆར་བརྒྱུད་ལོ་ལྟར་དགེ་བཤེས་མའི་ཡིག་རྒྱུགས་ལེགས་གྲུབ་རྗེས་སྔགས་རམས་ལོ་གཅིག་སློབ་གཉེར་གནང་གི་ཡོད་པ་བཞིན། ཕྱི་ལོ་ ༢༠༢༣ ལོར་སྔགས་རམས་ཐོན་པའི་དགེ་བཤེས་མ་ ༡༠ བྱུང་ཡོད་པ་དང། དེ་དག་ནི་བལ་ཡུལ་ཀོ་པན་དགོན་པ་ནས་དགེ་བཤེས་མ་ ༤ དང་། མོན་གྷོ་བྱང་ཆུབ་ཆོས་གླིང་ནས་དགེ་བཤེས་མ་ ༤ དེ་བཞིན་རྡ་ས་དགེ་ལྡན་ཆོས་གླིང་ནས་དགེ་བཤེས་མ་ ༢ བཅས་ཡིན་པ་མ་ཟད། མཇལ་ཁའི་ཁྲོད་བོད་ཀྱི་བཙུན་མའི་ལས་འཆར་གྱི་ངེས་སྟོན་པ་སྣང་ས་ཆོས་སྒྲོན་ལགས་དང་སྐབས་གཉིས་པའི་དགེ་བཤེས་མའི་རྒྱུགས་སྤྲོད་དོ་དམ་ཚོགས་ཆུང་གི་ཚོགས་གཙོ་དང་སྒྲོལ་མ་གླིང་གི་སློབ་སྤྱི་དགེ་བཤེས་ངག་དབང་བསྟན་འཛིན་ལགས། དེ་བཞིན་ཕྱག་རོགས་ ༣ བཅས་ཁྱོན་མི་གྲངས་ ༡༥ ཡོད་པ་རེད་འདུག

དེ་བཞིན་བལ་ཡུལ་ཤར་ཁུམ་བུ་ནས་ཡིན་པའི་ཀོ་པཱན་དགོན་པའི་དགེ་བཤེས་མ་ཐུབ་བསྟན་བཟང་མོ་ལགས་སུ་བཀའ་འདྲི་ཞུས་སྐབས་ཁོང་གིས། དེ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་མཇལ་ཐོབ་པ་སྐལ་བ་བཟང་པོ་བྱུང་ཞེས་གསུངས་པ་དང་འབྲེལ། ཕྱི་ལོ་ ༡༩༩༢ ལོར་བཙུན་མར་ཞུགས་ཏེ། ད་ཆ་བསླབ་པ་མཐར་སོན་པས་ཚོར་བ་ཧ་ཅང་སྐྱིད་པོ་འདུག་པ་མ་ཟད། ནང་ཆོས་སློབ་གཉེར་གནང་ནས་གཙོ་བོ་བསམ་བློ་གཏོང་ཕྱོགས་ལ་ཁྱད་པར་ཆེན་པོ་བྱུང་གི་ཡོད་ཅིང་། དེ་འབྲེལ་གཞན་ལ་ངོ་སྤྲོད་ཐུབ་ཚེ་ཕན་ཐོགས་ཡོད་པ་གསུངས་སོང་།

ཕྱོགས་མཚུངས་མོན་གྷོ་བཙུན་དགོན་བྱང་ཆུབ་ཆོས་གླིང་ནས་ཡིན་པ་དགེ་བཤེས་མ་ཚེ་བརྟན་སྒྲོལ་དཀར་ལགས་ཀྱིས། ཁོང་ལ་དྭགས་ནུབ་ར་ནས་ཡིན་པ་དང་ཐོག་མ་ཕྱི་ལོ་ ༡༩༩༧ ལོར་བཙུན་དགོན་ནང་ཆོས་ཞུགས་གནང་རྗེས་སློབ་གཉེར་རིམ་པ་གནང་སྟེ། ཕྱི་ལོ་ ༢༠༡༧ ལོར་དགེ་བཤེས་མའི་ཡིག་རྒྱུགས་ནང་ཞུགས། ལྷག་པར་ཏོག་དབྱིབས་གཉེན་རམས་ཁྱབ་གདལ་རྐྱེན་པས་ལོ་གཉིས་ཡིག་རྒྱུགས་བཏང་ཐུབ་མེད་པ་འགྲེལ་བརྗོད་དང་འབྲེལ། སྔ་ལོར་དགེ་བཤེས་མའི་ཡིག་རྒྱུགས་ལེགས་གྲུབ་ཐོག་ལོ་གཅིག་སྔགས་རམས་སློབ་གཉེར་གྱིས་ལེགས་ཐོན་བྱུང་ཡོད་པ་གསུངས་སོང་།

མ་ཟད་གྲུབ་འབྲས་དེ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་དགོན་པ་དང་དགེ་བའི་བཤེས་གཉེན་རྣམ་པའི་བཀའ་དྲིན་ལས་ཡིན་པ་དང་། དེ་རིང་༸རྒྱལ་བ་རིན་པོ་ཆེའི་ཞལ་མཇལ་སྐབས་དེ་ལྟ་བུའི་སྐལ་བ་མ་ཐོབ་པའི་སྐྱེ་འགྲོ་ཐམས་ཅད་ཀྱི་མགོན་པོ་༸གང་ཉིད་མཆོག་གི་ཞལ་མཇལ་ཐོབ་ཡོད་བསམ་པའི་མོས་པ་གནང་ཡོད་པ་གསུངས་སོང་།

པར་དབང་། དགའ་ལྡན་ཕོ་བྲང་།

གཞི་རྩའི་གཞན་ཡང་དེ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཁག་གཅིག་དང་། དམག་དཔོན་ཁག་གཅིག དེ་བཞིན་དྷ་རམ་སཱ་ལར་རྒྱལ་སྤྱིའི་དབྱུག་རྩེད་སྤོ་ལོའི་འགྲན་བསྡུར་ནང་མཉམ་གནང་མཁན་དབྱིན་ཡུལ་གྱི་རྩེད་འགྲན་པ་ཁག་གཅིག་ལ་དམིགས་བསལ་མཇལ་ཁ་སྩལ་ཡོད་པ་མ་ཟད། རྒྱུན་ལྡན་གྱི་མང་མཇལ་ཡང་སྩལ་ཡོད་པ་རེད།

པར་དབང་། དགའ་ལྡན་ཕོ་བྲང་།

འབྲེལ་ཡོད་གསར་གནས།

གསར་གནས།