Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་ནས་༸སྐུའི་ཡང་སྲིད་ཐད་ཐབས་བྱུས་ལྡན་པའི་དགོངས་བཞེས་གཟབ་ནན་གནང་གི་ཡོད་པ་གསུངས་འདུག

Tibetan News Headlines

  • Tibetan parliament to resume tomorrow after safety assurance from Security Department
  • French museums have yet to provide any assurance after succumbing to pressure from China- replacing ‘Tibet’ with ‘Xizang’
  • Preliminary prayer service for the Dalai Lama’s long life begins in Dharamshala
  • China promotes third plenary session of the 20th national congress across Tibet
  • Chinese students are undermining academic freedom at UK universities

རེས་གཟའ་ཟླ་བ། ༢༠༢༤།༠༩།༡༦

  • བདེ་སྲུང་ལས་ཁུངས་ཀྱིས་སྤྱི་འཐུས་རྣམ་པའི་བདེ་འཇགས་ཐད་འགན་ཁུར་བཞེས་རྒྱུའི་ཁས་ལེན་ཐོག་སང་ཉིན་གྲོས་ཚོགས་རྒྱུན་སྐྱོང་གནང་གི་རེད་ཅེས་གསུངས་སོང་།
  • རྒྱ་གཞུང་གིས་ལོ་རྒྱུས་བསྐྱར་བྲིས་དང་མི་རིགས་རྩ་གཏོར་གྱི་བྱ་སྤྱོད་ལ་རམ་འདེམས་བྱེད་མཁན་ཧྥ་རན་སི་འགྲེམ་སྟོན་ཁང་ལ་ཁ་གཏད་གཅོག་ཐབས་ཀྱིས་ལས་འགུལ་སྤེལ་བཞིན་པ།
  • བཞུགས་སྒར་དུ་བརྟན་བཞུགས་ཀྱི་སྒྲུབ་ཞག་འཚོགས་བཞིན་པ།
  • རྒྱ་གཞུང་གིས་བོད་ས་གང་སར་སྐབས་ ༢༠ པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་འདུག
  • རྒྱ་རིགས་སློབ་མ་ཚོས་དབྱིན་ཡུལ་སློབ་ཆེན་ཁག་གི་ཤེས་ཡོན་རང་དབང་ལ་དོ་ཕོག་གཏོང་བཞིན་ཡོད་པ་གསུངས་འདུག

ཁ་སྔོན་རེས་གཟའ་ཉི་མའི་ཉིན་རྒྱ་གར་གྱི་ StratNews Global ཞེས་པའི་གསར་ཁང་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་བོད་རྒྱ་གཉིས་ཀྱི་གནད་དོན་དང་༸སྐུའི་ཡང་སྲིད། ཉེ་ལམ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་དེ་ཉིད་ཁྲིམས་སུ་གྱུར་བ་སོགས་གནད་དོན་འདྲ་མིན་ཐོག་བཀའ་འདྲི་ཞུས་པའི་སྐར་མ་ ༤༡༌༠༠ ཡོད་པའི་གླེང་མོལ་གྱི་ལས་རིམ་ཞིག་རྒྱང་བསྲིངས་ཞུས་འདུག་པ་དང་། དེའི་ནང་དུ་སྲིད་སྐྱོང་མཆོག་གིས་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ཐག་གཅོད་དེ་༸མགོན་པོ་མཆོག་ལ་ཡོད་པ་མ་གཏོགས་རྒྱ་གཞུང་ལ་མེད་པ་མ་ཟད་༸སྐུའི་ཡང་སྲིད་བདམས་ཐོན་ཐད་མགོན་པོ་༸གང་ཉིད་མཆོག་ནས་དགོངས་བཞེས་གཟབ་ནན་གནང་གི་ཡོད་པ་གསུངས་འདུག

Sikyong Interview Strat News Global

དེ་ཡང་བགྲོ་གླེང་གི་ཐོག་མར་གསར་ཁང་དེ་ཉིད་གསར་འཛུགས་གནང་མཁན་ཁོངས་སུ་ཡོད་པ་སྐུ་ཞབས་ Amitabh P. Revi ལགས་ཀྱིས་ཉེ་ལམ་ཨ་རིའི་སྲིད་འཛིན་ Joe Biden མཆོག་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ལ་མཚན་རྟགས་བསྐྱོན་ཏེ་ཁྲིམས་སུ་གྱུར་པའི་གནད་དོན་དང་འབྲེལ་བཀའ་འདྲི་ཞུས་པར་སྲིད་སྐྱོང་མཆོག་གིས།ཁྲིམས་ཡིག་དེའི་ནང་བོད་རྒྱའི་དཀའ་རྙོག་དེ་དུས་ད་ལྟའང་མ་སེལ་བར་ལུས་ཡོད་པ་དང་དཀའ་རྙོག་དེ་ཉིད་རྒྱལ་སྤྱིའི་ཁྲིམས་ཀྱི་ཐོག་ནས་སེལ་དགོས་པ། བོད་མི་ཚོར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པ་འཁོད་པ་ནི་ཆབ་སྲིད་ཀྱི་གནད་འགག་ཧ་ཅང་ཆེན་པོ་ཡིན་པ་དང་སྦྲགས། ད་རེས་ཀྱི་ཁྲིམས་འཆར་དེའི་བརྒྱུད་ནས་རྒྱ་ནག་གིས་བོད་དེ་བཞིན་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བཤད་པ་དེ་དག་ལ་ཁ་གཏད་ཙམ་མ་ཟད། བོད་རྒྱའི་དབར་ལོ་ངོ་བཅུ་ཕྲག་མང་པོ་ནས་ཡོད་པའི་དཀའ་རྙོག་སེལ་ཆེད་གྲོས་མོལ་བསྐྱར་གསོ་ཡོང་བའི་རེ་བ་ཆེན་པོ་གནང་བཞིན་ཡོད་པ་གསུངས་འདུག

མ་ཟད་སྲིད་སྐྱོང་མཆོག་གིས་ང་ཚོའི་ངོས་ནས་དུས་རྟག་ཏུ་དེ་འབྲེལ་གྲོས་མོལ་སླད་གྲ་སྒྲིག་ཡོད་པ་དེ་ལྟར་ཡང་རྒྱ་གཞུང་ཕྱོགས་ནས་དེར་བཟང་ཕྱོགས་ཀྱི་ཡ་ལན་ཞིག་སླེབས་ཀྱི་མེད་པས། ད་ལྟའི་ཆར་སྐབས་ ༡༦ པའི་བཀའ་ཤག་གིས་རྒྱལ་སྤྱིའི་ཁྲོད་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དེར་རྒྱབ་སྐྱོར་ཐོབ་ཐབས་གནང་བཞིན་ཡོད་སྐོར་དང་། ལྷག་པར་ད་རེས་ཨ་རི་གཞུང་གིས་བོད་རྒྱའི་དཀའ་རྙོག་ཐད་ཁྲིམས་འཆར་གཏེན་འབེབས་གནང་བ་བཞིན་རྒྱལ་ཁབ་གཞན་ཁག་ནང་དེ་ལྟར་ཡོང་རྒྱུའི་ཐད་ཤུགས་སྣོན་རྒྱག་བཞིན་ཡོད་སྐོར་གསུངས་འདུག

Amitabh P. Revi
Amitabh P. Revi

དེ་བཞིན་ Amitabh ལགས་ཀྱིས་ནམ་ཞིག་བོད་རྒྱ་གཉིས་དབར་འབྲེལ་མོལ་བསྐྱར་གསོ་བྱུང་བའི་དུས་ཚོད་ཞིག་ཤར་ཚེ་རྒྱ་གར་དེ་བཞིན་བོད་རྒྱའི་དཀའ་རྙོག་ཁྲོད་མཐའ་གསུམ་པར་ངོས་འཛིན་གནང་དགོས་པའི་དགོངས་ཚུལ་དང་འབྲེལ་སྲིད་སྐྱོང་མཆོག་གིས་འཕགས་བོད་གཉིས་དབར་ལོ་རྒྱུས་རང་བཞིན་ལྡན་པའི་འབྲེལ་བ་ཡོད་ཐོག་བོད་ཀྱི་སྐད་ཡིག་གཙོས་ནང་ཆོས་སོགས་རྒྱ་གར་ནས་བྱུང་ཡོད་ཚུལ་ངོ་སྤྲོད་དང་། ལྷག་པར་རྒྱ་གར་ནི་མུ་མཐུད་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཏུ་གནས་རྒྱུ་ཡིན་སྟབས་མ་འོངས་པར་བོད་རྒྱ་གཉིས་དབར་འབྲེལ་མོལ་བསྐྱར་གསོ་དང་འབྲེལ་བའི་ལས་དོན་གསར་པ་གང་གནང་ཀྱང་རྒྱ་གར་དེ་བཞིན་མཐའ་གསུམ་པར་ངོས་འཛིན་གནང་དགོས་པའི་དགོངས་ཚུལ་ཁག་ལ་དགའ་བསུ་ཞུ་རྒྱུ་ཡིན་པ་ཙམ་མ་ཟད། རྒྱ་གར་ཐེ་བའི་རྒྱལ་ཁབ་གཞན་ཁག་གིས་བོད་ཀྱི་ཁེ་ཕན་ཆེད་རང་རྒྱལ་ཁབ་ཀྱི་ཁེ་ཕན་ཟུར་དུ་འཇོག་པའི་རེ་བ་གནང་གི་མེད་པ་དེ་ལྟར་ཡང་། རྒྱ་གར་གཞུང་ངོས་ནས་བོད་ཐོག་འཛིན་པའི་སྲིད་བྱུས་དེར་བསྐྱར་ཞིབ་གནང་དགོས་པ་གསུངས་འདུག

སྲིད་སྐྱོང་མཆོག་གིས་༸གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐག་གཅོད་དེ་༸མགོན་པོ་མཆོག་ལ་ཡོད་པ་མ་གཏོགས་རྒྱ་གཞུང་ལ་མེད་སྐོར་ནན་བརྗོད་དང་སྦྲགས། ལྷག་དོན་པྱི་ལོ་ ༢༠༡༡ ལོ་ནས་བཟུང་མགོན་པོ་གང་ཉིད་མཆོག་གིས་མ་འོངས་ཡང་སྲིད་ཕེབས་ཕྱོགས་ཐད་དམིགས་གསལ་ལམ་སྟོན་གང་ཡང་ཕེབས་མེད་སྟབས། དེ་ནི་རྒྱ་གཞུང་ལ་སྔོན་དཔག་བྱེད་མི་ཐུབ་པའི་སེམས་འཚབ་སྐྱེས་གཞིར་གྱུར་ཡོད་པར་༸སྐུའི་ཡང་སྲིད་བདམས་ཐོན་ཐད་མགོན་པོ་༸གང་ཉིད་མཆོག་ནས་ཐབས་བྱུས་ལྡན་པའི་ཐོག་ནས་དགོངས་བཞེས་གཟབ་ནན་གནང་གི་ཡོད་པ་གསུངས་འདུག

Sikyong Interview Strat News Global
Sikyong Penpa Tsering

མ་ཟད། བོད་རྒྱ་འབྲེལ་མོལ་གྱི་གནད་དོན་དང་འབྲེལ་རྒྱ་ནག་གི་འགོ་ཁྲིད་ཚོ་དང་འབྲེལ་བ་གནང་གི་ཡོད་པའི་གནས་ཚུལ་འཐོན་བཞིན་འདུག་པས་དེ་བདེན་པ་ཡིན་ནམ་ཞེས་བཀའ་འདྲི་ཞུས་པར་སྲིད་སྐྱོང་མཆོག་གིས་ང་ཚོར་རྒྱ་ནག་དང་ཐད་ཀར་འབྲེལ་བ་གནང་ཡུལ་མེད་ཀྱང་གཞུང་འབྲེལ་མིན་པའི་བརྒྱུད་ལམ་གཞན་གྱི་ཐོག་ནས་ལོ་གཅིག་དང་ཕྱེད་ཀ་ལྷག་འབྲེལ་བ་གནང་ཡོད་ཀྱང་།ད་ལྟའི་ཆར་དམིགས་བསལ་མདུན་སྐྱོད་གང་ཡང་གནང་ཐུབ་མེད་པ་གསུངས་འདུག

དེ་བཞིན་བོད་པའི་གཞོན་སྐྱེས་ཚོ་ཕྱི་རྒྱལ་ཁག་འདྲ་མིན་ནང་བསྐྱོད་པ་དེས་བོད་ཀྱི་འཐབ་རྩོད་ཉམས་དམས་སུ་འགྲོ་བའི་ཉེན་ཁ་ཡོད་སྐོར་བཀའ་ལན་གནང་བའི་ཁྲོད། སྲིད་སྐྱོང་མཆོག་གིས་ང་ཚོའི་མི་རབས་རྒན་པ་ཚོས་འདས་པའི་མི་ལོ་ ༧༠ ལྷག་གི་རིང་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པ་སྲུང་སྐྱོབ་གནང་ཡོད་པ་དང་། བོད་ཀྱི་འཐབ་རྩོད་ཀྱི་མེ་ལྕེ་དེ་བཞིན་མི་རབས་གཞོན་པ་ཚོར་རྩིས་སྤྲོད་ལེགས་པོ་གནང་ཡོད་པར་བརྟེན་ད་ལྟའི་ཆར་བོད་མིའི་གཞོན་སྐྱེས་ཚོས་ཐུགས་ཁུར་བཞེས་ཀྱི་ཡོད་པ་དང་། ཐ་ན་རྒྱལ་ཁབ་འདྲ་མིན་ནང་གནས་སྡོད་བོད་མི་གཞོན་སྐྱེས་ཚོ་ནི་ཤེས་ཡོན་ལྡན་པ་དང་། ཡུལ་དེའི་མི་སེར་ཡིན་པ།  ཕྱིའི་ལམ་ལུགས་དང་ཁྲིམས་ལུགས་རྟོགས་མཁན་ཤ་སྟག་ཆགས་ཀྱི་ཡོད་སྟབས། ཁོང་རྣམས་ནི་མ་འོངས་བོད་ཀྱི་རྩ་དོན་ལ་ཕན་ནུས་སྦྱིན་མཁན་ཆགས་ཀྱི་ཡོད་པ་གསུངས་འདུག

སྲིད་སྐྱོང་མཆོག་གིས་ད་དུང་ཟླ་བ་སྔོན་མའི་ཕྱི་ཚེས་ ༢༩ ཉིན་ཨ་རིར་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་གནང་རྒྱུ་གོ་སྐབས་བྱུང་བའི་ཁྲོད། མགོན་པོ་༸གང་ཉིད་མཆོག་གིས་སྐབས་དེར་༸གང་ཉིད་མཆོག་གི་ཞབས་པུས་དེ་བཞིན་ཧ་ཅང་དྲག་སྐྱེད་ཕྱིན་ཡོད་སྐོར་གསུངས་བྱུང་བས་རིང་མིན་རྒྱ་གར་དུ་ཕྱིར་ཕེབས་མཛད་རྒྱུའི་གསལ་བསྒྲགས་གནང་གཏན་འཁེལ་ཡོད་པ་གསུངས་འདུག

Sikyong Interview Strat News Global

སྐབས་དེར་སྲིད་སྐྱོང་མཆོག་གིས་ད་དུང་རྒྱལ་ཁབ་ཀྱི་གཞུང་འཛིན་མང་ཆེ་བ་ནི་རྒྱ་ནག་གི་མ་འཛུགས་དང་ཚོང་ལས་ཁོ་ནར་འདོད་མཁན་ཞིག་ཡིན་ཀྱང་། རྒྱལ་ཁབ་དེ་དག་གི་ངོས་ནས་རྒྱ་ནག་གི་ཐབས་བྱུས་ཀྱི་ཐབས་ལམ་ཇི་ཡིན་སྐོར་རྟོགས་རྒྱུ་དེ་ཧ་ཅང་གལ་ཆེ་ཡིན་པ་དང་། རྒྱལ་སྤྱིའི་རྒྱལ་ཁབ་དང་ཚོགས་སྡེ་ཁག་གིས་རྒྱ་ནག་ལ་གདོང་ལེན་གནང་སྐབས་གཙོ་བོ་རྒྱ་ནག་དང་ཚོང་འབྲེལ་མཚམས་འཇོག་དགོས་སྐོར་དང་། ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཚོས་ཀྱང་རྒྱ་ནག་དང་ལྷན་དུ་འབྲེལ་བ་གནང་སྐབས་ཡིད་གཟབ་དང་མཉམ། འགྲོ་བ་མིའི་ཐོབ་ཐང་དང་རང་དབང་སོགས་ལ་གུས་བརྩི་ཞུས་མཁན་གྱི་རྒྱལ་ཁབ་ཞིག་ཡིན་པའི་ཆ་ནས་གནད་དོན་དེ་དག་ཐོག་ཐུགས་འཁུར་ནན་བཞེས་ཐོག་རྒྱ་ནག་གིས་རྒྱལ་སྤྱིའི་ལམ་ལུགས་གསར་བཟོའི་འབད་བརྩོན་འོག་ཚུད་རྒྱུ་མེད་པ་སོགས་གསུངས་འདུག

གཞི་རྩའི་ཕྱི་ཟླ་ ༧ ཚེས་ ༢༩ ཨ་རིའི་སྔ་དྲོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་མཇལ་ཁ་སྩལ་ཡོད་པ་དང་། མཇལ་ཁ་གྲུབ་མཚམས་སུ་སྲིད་སྐྱོང་མཆོག་གིས་ངོ་དེབ་ཐོག་མགོན་པོ་༸གང་ཉིད་མཆོག་ལ་འཚམས་ཞུ་མཇལ་བཅར་གྱི་སྐལ་བཟང་ཐོབ་ཡོད་ཅིང་། ༸སྐུ་ཁམས་དྭངས་སྐྱེད་བདེ་བླག་ངང་ཡོང་བཞིན་འདུག་ཅེས་གསུངས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།