ཁ་སང་སྟེ། ཕྱི་ལོ་ ༢༠༢༥ ཟླ་ ༡༡ ཚེས་ ༢ ཉིན་རྡོར་གླིང་ས་གནས་འགོ་འཛིན་ཁྱབ་ཁོངས་བོད་མི་རྣམས་ནས་༸རྒྱལ་བའི་གོ་སྟོན་སྲུང་བརྩིའི་ཆ་ཤས་སུ། རང་ཁྱིམ་སོ་སོར་བོད་སྐད་ཐོག་གླེང་མོལ་ཞུ་རྒྱུའི་དམ་འབུལ་གནང་འདུག
དེ་ཡང་ལས་འགུལ་དེ་དང་འབྲེལ་ནས་རྡོར་གླིང་འཇམ་དབྱངས་བོད་ཀྱི་རིག་གཞུང་གཅེས་འཛིན་ཁང་དང་། གོ་སྟོན་གོ་སྒྲིག་ཚོགས་ཆུང་། ཚོགས་སྐྱིད་ཁག་ཐུན་མོང་གིས་གསར་འགོད་གསལ་བསྒྲགས་སྤེལ་དོན་ལྟར་ན། དམ་འབུལ་མཛད་སྒོའི་ཐོག་མི་གྲངས་ ༩༩༥ ཙམ་གྱིས་དེ་རིང་ནས་བཟུང་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་གི་རྩ་བ་བོད་ཡིག་དང་བོད་སྐད་ལ་དམིགས་བསལ་དོ་སྣང་བྱ་རྒྱུ་དང་། ལྷག་པར་རྒྱུན་དུ་བོད་མི་ནང་ཁུལ་དང་རང་ཁྱིམ་དུ་བོད་སྐད་ཐོག་གླེང་མོལ་བྱེད་རྒྱུ་ཞེས་པའི་རྩ་ཚིག་ཐོག་དམ་འབུལ་ཞུས་འདུག
འདི་ག་རླུང་འཕྲིན་ཁང་གིས་རྡོར་གླིང་ས་གནས་དབུ་མའི་ལམ་གྱི་ཚོགས་གཙོ་བཀྲ་ཤིས་ལགས་སུ་ལས་འགུལ་དེའི་གལ་གནད་ཐོག་བཀའ་འདྲི་ཞུ་སྐབས་ཁོང་གིས། སྤྱིར་བཏང་ནས་ཀ་རྡོར་སྒང་གསུམ་ནང་གནས་སྡོད་གནང་མཁན་བོད་མི་རྣམ་པས་བོད་སྐད་བསྐྱོན་པའི་སྐབས་སུ་དཀའ་ངལ་ཏོག་ཙམ་ཡོད་པ་དེ་ཡོངས་གྲགས་ཡིན་པ་གསལ་སྟོན་གནང་ཐོག ཐེངས་འདིའི་ལས་འགུལ་དེ་ནི་ཁོང་རྣམ་པས་སྐྱོན་ཆ་དེ་ཡོ་བསྲང་བྱེད་ཆེད་དུ་བརྩམས་པ་ཞིག་ཡིན་སྟབས་གལ་འགངས་ཤིན་ཏུ་ཆེན་པོ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་ཅེས་དང་། གལ་སྲིད་ཐེངས་འདིའི་དམ་འབུལ་གྱི་ལས་འགུལ་གང་འཚམ་ཡག་པོ་ཕྱིན་སོང་ན། བོད་མི་ནང་ཁུལ་དུ་བོད་སྐད་བསྐྱོན་ཡག་དང་། བོད་སྐད་ཐོག་དོ་སྣང་འཕེལ་རྒྱུ་ཡིན་པའི་རེ་བ་གནང་གི་ཡོད་ཅེས་འགྲེལ་བརྗོད་གནང་སོང་།
རྩ་བའི་འདི་ལོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་༩༠ ཕེབས་པར་རྒྱལ་སྤྱིའི་ཁྱོན་ཡོངས་སུ་བོད་མི་གཙོས་དད་ལྡན་མང་ཚོགས་ནས་གོ་སྟོན་སྲུང་བརྩི་གཟབ་རྒྱས་ཞུ་མུས་ཡིན་པ་ལྟར། གོ་སྟོན་གྱི་ཆ་ཤས་སུ་རྡོར་གླིང་འཇམ་དབྱངས་བོད་ཀྱི་རིག་གཞུང་གཅེས་འཛིན་ཁང་གིས་ཕྱི་ལོ་ ༢༠༢༥ ཕྱི་ཟླ་ ༡༠ ཚེས་ ༡༥ ཉིན་ས་གནས་གོ་སྟོན་ཚོགས་ཆུང་གི་ཚོགས་མི་རྣམས་དང་། ཚོགས་སྐྱིད་ཁག་གི་ཚོགས་མི་རྣམས་བསྐོང་ཚོགས་གནང་ཐོག་རྡོར་གླིང་ཁུལ་གྱི་བོད་མི་རྣམས་རང་རེའི་བཙན་བྱོལ་བ་གནས་སྡོད་གཞན་ལས་བོད་སྐད་ཐོག་ཞན་ཆ་ཡོད་པ་སེལ་ཐབས་དགོས་སྐོར་གྲོས་འགོ་བཏོན་པར། དེའི་ཐོག་གོ་བསྡུར་ཞིབ་ལྷུག་གནང་ནས་གྲོས་གཞིར་མོས་མཐུན་གནང་བ་ཙམ་མ་ཟད། ལས་འགུལ་ནང་མཉམ་ཞུགས་གནང་རྒྱུའི་ཐག་ཆོད་གནང་ཡོད་པ་རེད་འདུག







