ཁམས་རྫ་ཆུ་ཁའི་ཛ་དྲག་གནས་སྟངས་ཐད་རྒྱ་གཞུང་ལ་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་དང་ངོ་རྒོལ་ལས་འགུལ་སྤེལ་བ།

Tibetan News Headlines

  • In conversation with Asanga Vajra Rinpoche of the Khön Family of Sakya Phuntsok Phodrang

ཪེས་གཟའ་སྤེན་པ། ༢༠༢༦།༡༡།༠༧

  • དཔལ་ས་སྐྱ་པ་ཕུན་ཚོགས་ཕོ་བྲང་གི་འཁོན་གདུང་༸སྐྱབས་མཆོག་ཨ་སངྒ་བཛྲ་རིན་པོ་ཆེ་དང་གླེང་མོལ།

འགྲོ་བ་མིའི་ཐོབ་ཐང་ཐེབས་རྩ་ཁང་གིས་ཁམས་རྫ་ཆུ་ཁར་གཏེར་ཁ་སྔོག་འདོན་དང་འབྲེལ་བོད་མི་བཅུ་ཕྲག་མང་པོ་འཛིན་བཟུང་བྱས་པར་རྒྱ་གཞུང་ལ་སྐྱོན་བརྗོད་དང་སྦྲགས།  དེ་ནི་རྒྱ་ནག་དམར་ཤོག་ཚོགས་པས་བོད་ཀྱི་རང་བྱུང་ཐོན་ཁུངས་སྔོག་འདོན་བྱེད་པ་དང་ཆབས་ཅིག  ས་གནས་བོད་མི་མང་ཚོགས་ཀྱི་ཐོབ་ཐང་འཕྲོག་བཞིན་པའི་ལས་འགུལ་ཆེན་པོ་ཞིག་གི་ཆ་ཤས་ཤིག་ཡིན་པར་ནན་བརྗོད་གནང་འདུག

Inter-Parliamentary Group for Tibet in the European Parliament Condemns Mass Arrests of Peaceful Protesters in Tibet
པར་དབང་། བོད་མིའི་སྒྲིག་འཛུགས།

དེ་ཡང་ཨ་རིའི་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་ Human Rights Foundation ཡིས་རང་གི་དྲྭ་གནས་ཐོག་རྒྱ་གཞུང་གིས་གཏེར་ཁ་སྔོག་འདོན་ལ་ཞི་རྒོལ་གནང་མཁན་རྫ་ཆུ་ཁའི་ཡུལ་མི་ཁྱོན་ ༨༠ ཡས་མས་འཛིན་བཟུང་བཙན་ཁྲིད་བྱས་ཏེ་ཉེས་རྡུང་དྲག་པོ་བཏང་བ་དང་ཁག་གཅིག་བཀག་ཉར་འོག་བཅུག་ཡོད་པའི་གནས་ཚུལ་ལུང་འདྲེན་གྱིས། རྒྱ་ནག་དམར་ཤོག་ཚོགས་པས་བོད་ཀྱི་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པ་དག་བརྩི་མེད་བཀོལ་སྤྱོད་མུ་མཐུད་བྱེད་བཞིན་པ་དང་།  ས་གནས་མི་མང་དང་འབྲོག་པའི་འཚོ་བའི་ཐབས་ལམ་ལ་གནོད་སྐྱོན་བཏང་བ།  ལྷག་པར་བོད་མིའི་སྤྱི་ཚོགས་ལ་ཚོད་འཛིན་སྲ་བརྟན་བཏང་སྟེ་བོད་མི་རྣམས་རྒྱ་མིའི་རིག་གཞུང་ནང་དུ་འཇུག་ཐབས་བྱེད་ཀྱི་ཡོད་པ་མངོན་གསལ་གནང་འདུག

དེ་བཞིན་ཡུ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་ཁམས་རྫ་ཆུ་ཁའི་ཛ་དྲག་གནས་ཚུལ་ལ་སེམས་འཚབ་ཀྱི་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་དང་། དེའི་ནང་ཡུ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་རྣམ་གཉིས་ཀྱིས་བོད་ནང་ཁོར་ཡུག་སྲུང་སྐྱོབ་ཆེད་བོད་མི་རྣམས་ནས་ཞི་བའི་ངོ་རྒོལ་བྱས་པ་དེར་རྒྱ་གཞུང་གིས་མི་སྤྱོད་ལས་འདས་པའི་བྱ་སྤྱོད་ལག་བསྟར་བྱས་པར་སྐྱོན་བརྗོད་གནང་བ་དང་སྦྲགས།  རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་གནས་སྟངས་དེ་མྱུར་དུ་ཞི་འཇམ་བཟོ་དགོས་པའི་ནན་སྐུལ་དང་ལྷག་པར་བཙོན་འཇུག་བྱས་པ་རྣམས་གློད་བཀྲོལ་དགོས་པ།  དེ་བཞིན་གནས་སྟངས་དེ་ཁ་གསལ་ཡོང་སླད་རང་དབང་རྟོག་ཞིབ་དགོས་པ་དང་།  སྐབས་དེར་གནོད་སྐྱོན་ཕོག་པའི་བོད་མི་དང་ལྷན་གོ་བསྡུར་དགོས་གལ་ཡིན་པ་ནན་བརྗོད་གནང་བ་མ་ཟད།  དེ་འདྲ་བའི་གནས་སྟངས་འགོག་ཐབས་དང་། བདེ་འཇགས་ལས་ཁུངས་དང་ས་གནས་ཀྱི་གནད་ཡོད་མི་སྣའི་བྱ་སྤྱོད་ལ་འགན་ཁྲིད་ཡོང་སླད་ཁོར་ཡུག་དང་འགྲོ་བ་མིའི་ཐོབ་ཐང་གི་ཚད་གཞི་ལ་གུས་བརྩི་དགོས་གལ་ཡིན་པ་འཁོད་འདུག

Inter-Parliamentary Group for Tibet in the European Parliament Condemns Mass Arrests of Peaceful Protesters in Tibet
པར་དབང་། བོད་མིའི་སྒྲིག་འཛུགས།

ཐེངས་འདིའི་བསྒྲགས་གཏམ་བརྒྱུད་ཡུ་རོབ་གྲོས་ཚོགས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་རྒྱབ་སྐྱོར་བསྐྱར་ནན་དང་སྦྲགས།  ཡུ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་མིར་གདུང་སེམས་མཉམ་སྐྱེད་ཡོད་པ་དང་།  རྒྱ་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་བཅའ་ཁྲིམས་འོག་འགན་འཁྲི་དགོས་པ། བོད་པའི་ས་གཞི་དང་། རིག་གཞུང་། སྲོལ་རྒྱུན་འཚོ་གནས་ཀྱི་ཐོབ་ཐང་སྲུང་སྐྱོབ་བྱེད་དགོས་པ་བཅས་ཀྱི་འབོད་སྐུལ་ཞུས་འདུག

སྦེལ་ཇི་ཡམ་སྐུ་ཚབ་དོན་གཅོད་དགེ་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ཡུ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་རྣམ་གཉིས་ཀྱིས་ཚོགས་པའི་ཚབ་ཞུས་ཏེ་བསྒྲགས་གཏམ་དེ་སྤེལ་བར་འཚམས་འདྲི་ཞུས་གནང་བ་དང་ཆབས་ཅིག  ཡུ་རོབ་གྲོས་ཚོགས་འཐུས་མི་རྣམས་ཀྱིས་བོད་དོན་ཐོག་ཡུན་རིང་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་གནང་བར་ཐུགས་རྗེ་ཆེ་ཞུས་འདུག   ཁོང་གིས་ད་དུང་བོད་ནང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པ་དང་།  ཁོར་ཡུག་ལ་གནོད་སྐྱོན་ཇེ་ཆེར་གཏོང་བཞིན་པའི་སྐབས་རྒྱལ་སྤྱིའི་གཞི་རྩའི་འབྲེལ་ལམ་དགོས་གལ་ཡིན་པ་མ་ཟད།  བོད་པའི་སྤྱི་ཚོགས་སྲུང་སྐྱོབ་དང་།  ནག་ཉེས་བྱེད་པོ་ཁག་ལ་འགན་འཁྲི་དགོས་པ།  དེ་བཞིན་བོད་མི་རྣམས་ཀྱི་རང་གི་ས་གཞི་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་འབོད་སྐུལ་དེར་གུས་བརྩི་ཡོང་ཆེད་དོན་དངོས་ཀྱི་ལས་དོན་སྤེལ་དགོས་པའི་ནན་བརྗོད་གནང་འདུག

NY–NJ Tibetans Protest China’s Arrest of Anti-Mining Tibetan Protesters Outside Chinese Consulate, Raise Awareness at Times Square
པར་དབང་། ནིའུ་ཡོག་ནིའུ་ཇར་སིའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས།

མ་ཟད་ཁ་སང་སྔ་དྲོ་ཨ་རིའི་ནིའུ་ཡོག་ནིའུ་ཇར་སིའི་ས་གནས་གཞོན་ནུ་དང་བུད་མེད། མདོ་ཁམས་ཆུ་བཞི་སྒང་དྲུག་བཅས་ཚོགས་པ་གསུམ་གྱི་གོ་སྒྲིག་འོག་ཡུལ་དེའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ཁམས་རྫ་ཆུ་ཁར་ཉེས་མེད་འཛིན་བཟུང་བྱས་པའི་བོད་མི་རྣམས་འཕྲལ་དུ་གློད་བཀྲོལ་དང་གཏེར་ཁ་སྔོག་འདོན་མཚམས་འཇོག་དགོས་པའི་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་འདུག་པ་དང་།   ཉིན་རྒྱབ་ནིའུ་ཡོག་ཁུལ་དུ་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་འདུ་འཛོམས་འབྱུང་སའི་ས་ཚིགས་ Times Square དུ་ཡང་བོད་རང་བཙན་སློབ་ཕྲུག་ཚོགས་པ་མཉམ་ཞུགས་ཡོད་པའི་ཐོག་བོད་ཀྱི་རང་བྱུང་ཁོར་ཡུག་ལ་དོ་སྣང་དང་སྲུང་སྐྱོབ་དགོས་པ་སོགས་དགོས་འདུན་ལྔ་ཆེད་འདོན་གྱིས་བོད་དོན་དྲིལ་བསྒྲགས་དང་ཁམས་རྫ་ཆུ་ཁའི་ཛ་དྲག་གནས་སྟངས་སྐོར་གོ་རྟོགས་ཀྱི་ལས་འགུལ་ཞིག་ཀྱང་སྤེལ་འདུག

འདི་གའི་གསར་འགོད་པས་གནད་དོན་དེ་དང་འབྲེལ། ནིའུ་ཡོག་ནིའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བློ་བཟང་ཚེ་རིང་ལགས་སུ་བཀའ་འདྲི་ཞུས་ཡོད། 

NY–NJ Tibetans Protest China’s Arrest of Anti-Mining Tibetan Protesters Outside Chinese Consulate, Raise Awareness at Times Square
པར་དབང་། ནིའུ་ཡོག་ནིའུ་ཇར་སིའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས།

འབྲེལ་ཡོད་གསར་གནས།

གསར་གནས།