དེ་རིང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་ཉིན་གསུམ་པའི་ཐོག་དཔལ་འབྱོར་ལས་ཁུངས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་ལས་སྡོམས་ཐོག་སྤྱི་ཡོངས་ཀྱི་བགྲོ་གླེང་དང་བཀའ་ཤག་གི་ལན་འདེབས་གསལ་བཤད་ཐོག་བསྐྱོད་པའི་ཁྲོད། སྲིད་སྐྱོང་མཆོག་གིས་གང་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་གནས་སྟངས་ལ་འགྱུར་བ་མ་ཐེབས་པ་དང་། མ་རྩ་འཛུགས་མཁན་མ་བྱུང་ཚེ་ཕྱི་ལོ་ ༢༠༢༦ ལོར་སྒྲིག་འཛུགས་དེ་སྒོ་བརྒྱག་རྒྱུའི་དགོངས་པ་བཞེས་བཞིན་ཡོད་སྐོར་གསུངས་སོང་།

དེའང་ཁ་སང་གྲོས་ཚོགས་ཀྱི་ལས་ཉིན་གཉིས་པའི་ཚོགས་ཐེངས་ ༤ པའི་ཐོག་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གྲོས་ཚོགས་སུ་དཔལ་འབྱོར་ལས་ཁུངས་མ་ལག་དང་བཅས་པའི་ལོ་འཁོར་ལས་སྡོམས་སྙན་སྒྲོན་གྲུབ་རྗེས་དེ་རིང་ལས་ཉིན་གསུམ་པ་དབུ་འཛུགས་དང་སྦྲགས། དཔལ་འབྱོར་ལས་ཁུངས་ཀྱི་ལས་སྡོམས་ཐོག་སྤྱི་ཡོངས་ཀྱི་བགྲོ་གླེང་དང་བཀའ་ཤག་གི་ལན་འདེབས་གསལ་བཤད་ཀྱི་བྱ་རིམ་ཐོག་ཕེབས་ཡོད།
དཔལ་འབྱོར་ལས་ཁུངས་ཀྱི་ལས་སྡོམས་ནང་དུ་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ལས་དོན་དང་འབྲེལ། ལས་གཞི་དེའི་འོག་ནས་དབྱར་དགུན་ཚོང་ལས་རོགས་སྐྱོར་ལས་གཞི་དང་ཚོང་ལས་ཆེ་བ་རོགས་སྐྱོར་ལས་གཞི་གཉིས་ཀྱི་འོག་ནས་བུན་གཡར་གྱི་མཐུན་རྐྱེན་སྦྱར་བ་དང་། དངུལ་འབོར་ཕྱིར་བསྡུའི་ལས་རིམ་རྣམས་འཐུས་ཚང་ཕྱིན་ཡོད་པ། ཚོགས་པའི་འགན་འཛིན་ལྷན་ཚོགས་དང་ལོ་འཁོར་ཚོགས་ཆེན་སོགས་ལུགས་མཐུན་ཚོགས་ཡོད་པ། དེ་བཞིན་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་མ་རྩ་བདག་པོ་རྣམས་ཛ་དྲག་གི་བསྐོང་ཚོགས་དང་རྗེས་འཇུག་གི་འབྲེལ་ལམ་ཞུས་ཡོད་པ་སོགས་ཀྱི་ཁྲོད། སྔ་ཕྱི་བར་གསུམ་དུ་བརྒྱུད་ལམ་སྣ་ཚོགས་བརྒྱུད་མ་རྩ་བདག་པོ་རྣམས་ཀྱི་ལན་འབྱོར་བ་ཁག་ཕྱོགས་བསྡོམས་ཞུས་པའི་ནང་དུ། ཤེར་བདག་བརྒྱ་ཆ་ ༣ གྱིས་རང་གི་མ་རྩ་ཚོང་བསྒྱུར་བྱ་རྒྱུ་དང་། བརྒྱ་ཆ་ ༦༣ གྱིས་མ་རྩ་ཕྱིར་འཐེན་གནང་སྟེ་ཚོགས་པ་སྒོ་བརྒྱག་དགོས་པ་དང་། བརྒྱ་ཆ་ ༧ གྱིས་ཚོགས་པའི་ལག་འཁྱེར་ཚོང་བསྒྱུར་བྱ་རྒྱུ། དེ་བཞིན་བརྒྱ་ཆ་ ༡༠ ཡིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཆོད་དགོངས་དོན་ལག་བསྟར་ཞུ་རྒྱུ་བཅས་ཀྱི་གནས་སྟངས་ཆགས་ཡོད་པ་མངོན་གསལ་གནང་ཡོད་འདུག

དེ་འབྲེལ་གྲོས་ཚོགས་སུ་སྤྱི་འཐུས་མང་དག་ཞིག་གིས་བཀའ་ཤག་ངོས་ནས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དུ་མ་རྩ་འཛུགས་རྒྱུ་དང་འབྲེལ་བའི་གསལ་བསྒྲགས་མངོན་རྒྱུ་མེད་པ་དང་། བཀའ་ཤག་གི་ཞབས་ཞུ་ཁང་དེ་རྒྱུན་སྐྱོང་བྱ་རྒྱུའི་འདུན་པ་མེད་པའི་རྣམ་པ་མངོན་རྒྱུ་ཡོད་པ་བཅས་ཀྱི་འདྲི་རྩད་ནན་པོ་གནང་བ་ཁག་གཅིག་ལ་ལན་འདེབས་ཁྲོད། སྲིད་སྐྱོང་མཆོག་གིས་གངས་ལྗོངས་ཞབས་ཞུ་ཁང་རང་སྐྱོང་ཁེ་གཉེར་ཞིག་ཏུ་སྒྱུར་རྒྱའི་ཐག་གཅོད་དང་འབྲེལ། འགན་འཛིན་ལྷན་ཚོགས་ནང་དུ་མ་རྩ་བདག་པོ་འཛུལ་བཞུགས་གནང་མཁན་མེད་པ་དང་། བརྒྱ་ཆ་ ༦༣ གྱི་མ་རྩ་ཕྱིར་འཐེན་གནང་བ་མ་ཟད། འགན་འཛིན་ལྷན་ཚོགས་ཀྱི་སྐུ་ཞབས་ Alok ཀྱང་དགོངས་པ་ཞུས་ཟིན་པ་སོགས་ཀྱི་གནས་སྟངས་ཏེ། མ་འོངས་པར་མ་རྩ་ཕོན་ཆེན་པོ་ཞིག་འཛུགས་མཁན་མ་བྱུང་བའི་གནས་སྟངས་ལུས་ཚེ། བཀའ་ཤག་གི་ངོས་ནས་ཕྱི་ལོ་ ༢༠༢༦ ལོར་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་སྒོ་བརྒྱག་རྒྱུའི་བསམ་བློ་གཏོང་བཞིན་ཡོད་ཅེས་གསུངས་སོང་།
དེ་བཞིན་དེ་རིང་གི་བགྲོ་གླེང་ཁྲོད། དྭང་བླང་དཔྱ་ཁྲལ་ལག་དེབ་ཀྱི་གནད་དོན་དང་འབྲེལ། བྱང་ཨ་མི་རི་ཀ་ཁུལ་ནས་དྲྭ་ལམ་བརྒྱུད་དཔྱ་ཁྲལ་ཕུལ་མཁན་མི་ཉུང་བ་ཞིག་བྱུང་ཡོད་པ་བཞིན་སྤྱི་འཐུས་ཁག་གཅིག་གིས་དྲ་ལམ་ནས་དཔྱ་ཁྲལ་ཕུལ་རྒྱུའི་བརྒྱུད་ལམ་བཟོ་བ་དེ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་དེ་དག་བྱང་ཨ་རི་ཙམ་མ་ཟད་ཡོ་རོབ་སོགས་རྒྱལ་ཁབ་གཞན་གྱི་ནང་དུ་བཟོ་འཆར་ཡོད་མེད་ཀྱི་དྲི་བར་ལན་འདེབས་ཁྲོད་སྲིད་སྐྱོང་མཆོག་གིས་རྩ་བའི་ཆར་ལས་གཞི་དེ་གལ་ཆེན་རྩིས་ཏེ་ལག་བསྟར་གནང་མུས་ཡིན་ཡང་། ད་ལྟའི་ཆར་དྲྭ་ལམ་ནས་དངུལ་འདུ་འགོད་བྱུང་བ་ལས་གཉེན་ཆས་ཀྱི་འགྲོ་གྲོན་མང་བ་འགྲོ་བཞིན་པའི་གནས་སྟངས་ཡིན་པ་དང་། དཀའ་ངལ་དེ་དག་ལ་གཞིགས་ཏེ་མ་འོངས་པར་ཡོ་རོབ་ནང་དུ་ལག་བསྟར་ཇི་ལྟར་གནང་དགོས་མིན་དགོངས་པ་བཞེས་བཞིན་ཡོད་པ་གསུངས་སོང་།

དེ་བཞིན་སྤྱི་འཐུས་རྣམ་པའི་ཐོག་ནས་དེང་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་རྒྱའི་བརྒྱུད་ལམ་ཐོག་ནས་འབྲེལ་ལམ་བྱེད་རྒྱུ་སོགས་ཀྱི་ལས་དོན་མང་དག་ཞིག་སྤེལ་བཞིན་པའི་དྲྭ་རྒྱའི་བདེ་འཇགས་ཀྱི་ཐད་ནས་སྲིད་བྱུས་རིགས་ཡོད་མིན་གྱི་འདྲི་བར་ལན་འདེབས་ཁྲོད། སྲིད་སྐྱོང་མཆོག་གིས་ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དྲྭ་རྒྱའི་བདེ་འཇགས་དང་འབྲེལ་བའི་སྲིད་བྱུས་ཀྱི་ཟིན་བྲིས་ཞིག་བཟོ་བཞིན་པའི་གནས་སྟངས་ཡིན་པ་གསུངས་སོང་།
དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་གསུམ་པའི་ཐོག་ཚོགས་ཐེངས་གསུམ་དཔལ་འབྱོར་ལས་ཁུངས་ཀྱི་ལས་སྡོམས་ཐོག་བགྲོ་གླེང་དང་གསལ་བཤད་ཐོག་བཏང་བའི་རྗེས་སུ། ཉིན་རྒྱབ་ཀྱི་ཚོགས་ཐེངས་ཐོག་ཤེས་རིག་ལས་ཁུངས་ཀྱི་ལས་སྡོམས་སྙན་སྒྲོན་དང་དེའི་ཐོག་སྤྱི་ཡོངས་ཀྱི་བགྲོ་གླེང་གི་ལས་རིམ་ཐོག་བསྐྱོད་གནང་སོང་།




