དེ་རིང་ཕྱི་ཚེས་ ༢༤ བོད་ཚེས་ཉི་ཤུ་ལྔ་ཉིན་བཞུགས་སྒར་རྡ་རམ་ས་ལའི་༸རྒྱལ་བའི་ཕོ་བྲང་དུ་གནས་ཆུང་རྡོ་རྗེ་སྒྲ་དབྱངས་གླིང་འདུས་སྤྱི་ནས་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱལ་པོ་ཚེ་ལྷ་དཀར་པོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་པ་དང་འབྲེལ། གཞུང་བསྟེན་དགྲ་ལྷའི་གཙོ་བོ་གནས་ཆུང་ཆོས་རྒྱལ་ཆེན་པོ་མཆོག་གི་བཀའ་ལུང་ཁྲོད། ༸གོང་ས་མཆོག་དགུང་གྲངས་ ༡༡༣ སྐུ་བཞུགས་མཛད་རྒྱུའི་ཞལ་བཞེས་ལ་ནམ་ཡང་འགྱུར་བ་མེད་པ་གནང་སྐྱོང་ཡོང་བའི་གསོལ་འདེབས་ཞུས་འདུག

དེ་རིང་གི་བརྟན་བཞུགས་དེ་ཉིད་སྔ་ལོ་ནས་གནས་ཆུང་ཆོས་སྐྱོང་ཆེན་པོ་མཆོག་གིས་༸སྐུའི་གོ་སྟོན་དང་བསྟུན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་འབུལ་དགོས་པའི་བཀའ་ལུང་ཕེབས་དོན་ལྟར། རྒྱལ་པོ་ཚེ་ལྷ་དཀར་པོའི་ཆོ་གའི་སྒོ་ནས་བསྟར་འབུལ་ཞུས་པ་ཞིག་ཡིན་པ་དང་། སྨིན་གྲོལ་གླིང་སྐྱབས་རྗེ་མཁོ་ཁྱིམ་རིན་པོ་ཆེ་མཆོག་མཆོག་ནས་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་མཛད་གནང་ཡོད་པ་རེད།
སྐབས་དེར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཆོལ་ཁ་གསུམ་གྱི་མི་མང་ཚང་མར་སངས་རྒྱས་ཀྱི་བསྟན་པ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཡོང་བའི་སྨོན་ལམ་ཡོད་ལ་འབད་བརྩོན་མཛད་བཞིན་ཡོད་པ་མ་ཟད། བསྟན་པ་དང་འགྲོ་བའི་དོན་དུ་ད་བར་ཧུར་ཐག་མཛད་ཡིན་པའི་བཀའ་སྩལ་མཛད་གནང་ཡོད་པ་རེད།

དེ་རིང་གི་བརྟན་བཞུགས་ཐོག་གནས་ཆུང་ཆོས་སྐྱོང་མཆོག་སྤྱན་འདྲེན་ཞུས་མ་དགོས་པར་ཐོག་འབེབས་བརྒྱབ་ཡོད་པ་ལྟར། འདི་ག་རླུང་འཕྲིན་ཁང་ནས་གནས་ཆུང་དགེ་བཤེས་རྡོ་རྗེ་ལགས་སུ་བཀའ་འདྲི་ཞུས་སྐབས་ཁོང་གིས། ཆོས་སྐྱོང་གི་བཀའ་ལུང་དུ་༸གོང་ས་མཆོག་དགུང་གྲངས་ ༡༡༣ སྐུ་བཞུགས་མཛད་རྒྱུའི་ཞལ་བཞེས་ལ་ནམ་ཡང་འགྱུར་བ་མེད་པ་གནང་སྐྱོང་ཡོང་བའི་གསོལ་འདེབས་ཞུས་པ་འགྲེལ་བརྗོད་དང་འབྲེལ། བོད་མིའི་སྒྲིག་འཛུགས་གཙོས་པའི་ཚོགས་སྒེར་སྤྱི་ཡོངས་ནས་༸མགོན་པོ་མཆོག་གི་ཐུགས་མ་ཕམ་པའི་ཕྱག་ལས་གནང་དགོས་པ་གསུངས་གནང་སོང་།







