Tibetan Royal Year of 2151 | Year of the Wood Dragon

གྲོས་ཚོགས་སུ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁག་གི་ལས་དོན་ཐད་འདྲི་རྩད་དང་སྔོན་རྩིས་གཏན་འབེབས།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

དེ་རིང་ཕྱི་ཚེས་ ༢༡ ཉིན་གྲོས་ཚོགས་ཚོགས་དུས་ ༧ ལས་ཉིན་ ༤ འདི་བཞིན་མུ་མཐུད་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་གཏན་འབེབས་ཀྱི་ལས་རིམ་ཐོག་ཕེབས་ཏེ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ལས་དོན་དང་ལྷག་པར་སྐུ་ཚབ་དོན་གཅོད་ཁག་གི་ལས་དོན་སོགས་ཀྱི་ཐད་ལ་འདྲི་རྩད་ལྷུག་པོ་གནང་ཡོད།

དེ་ཡང་ཕྱི་དྲིལ་ལས་ཁུངས་ཀྱི་སྔོན་རྩིས་གཏན་འབེབས་ཁྲོད། བོད་ཀྱི་སྐུ་ཚབ་དོན་ཁང་ཁག་གི་སྔོན་རྩིས་གོ་རིམ་བཞིན་གཏན་འབེབས་གནང་སྐབས། སྤྱི་འཐུས་ཁག་གཅིག་གིས་ལྡི་ལིའི་སྐུ་ཚབ་དོན་གཅོད་བསྐོ་བཞག་དང་འབྲེལ་བའི་གནད་དོན་དང་། IC ལག་དེབ་སེར་པོ་གསར་བཟོ་དང་ཕར་འགྱངས་དུས་ཐོག་ཐུབ་དགོས་པའི་གནད་དོན། ལྡི་ལི་དོན་ཁང་གི་ལས་ཁུངས་དང་ལས་ཤག་གསར་རྒྱག་གནང་འཆར་ཡོད་མིན་སོགས་ཀྱི་ཐད་ལ་བཀའ་འདྲི་ཞུས་སོང་།

མ་ཟད་ཨ་རིའི་དོན་གཅོད་ཀྱི་སྔོན་རྩིས་གཏན་འབེབས་ཁྲོད། ཨ་རིའི་གྲོས་ཚོགས་ནང་འགྲོ་བཞིན་པའི་བོད་དོན་བདེན་མཐའ་སེལ་ཐབས་ཀྱི་ཁྲིམས་འཆར་གང་མགྱོགས་གཏན་འབེབས་ཐུབ་ཐབས་སུ་བོད་མིའི་སྒྲིག་འཛུགས་ནས་འབད་བརྩོན་ཤུགས་ཆེ་གནང་དགོས་པའི་དགོངས་ཚུལ་གསུང་མཁན་བྱུང་པ་མ་ཟད། འཆར་ལོའི་ནང་ཨ་རིའི་དོན་གཅོད་དང་འབྲེལ་བའི་ལས་གཞི་ཆེ་ཁག་ཇི་ཡོད་སོགས་ཀྱི་ཐད་ལ་བཀའ་འདྲི་ཞུས་སོང་།

སྐབས་དེར་བཀའ་བློན་མཆོག་གིས་འཆར་ལོའི་ནང་ཨ་རིའི་ནང་དུ་བོད་ནང་གཏན་འཇག་བཅའ་སྡོད་སློབ་གྲྭའི་གནད་དོན་དང་འབྲེལ་ནས་ཚོགས་འདུ་དང་། རིམ་པའི་མཐུན་ཕྱོགས་ཧོང་ཀོང་དང་། ཤར་ཏུར་ཀིས་ཐན། ཐའེ་ཝན། སོག་པོ་སོགས་དང་ལྷན་དུ་ཨ་རི་དང་ཡོ་རོབ། ཨོ་གླིང་བཅས་ཀྱི་ནང་ཚོགས་འདུ་འཚོག་འཆར་ཡོད་སྐོར་གསུངས་པ་མ་ཟད། སྲིད་སྐྱོང་མཆོག་གི་བོད་དོན་བདེན་མཐའ་སེལ་ཐབས་ཀྱི་ཁྲིམས་འཆར་གཏན་འབེབས་ཐུབ་རྒྱུའི་ཐོག་འཛིན་སྐྱོང་ནས་ཞུ་གཏུག་སོགས་ཀྱིས་འཆར་གཞི་སྒྲིག་བཞིན་ཡོད་པ་འགྲེལ་བརྗོད་དང་སྦྲགས། ཨ་རིར་གནས་བཞུགས་བོད་མི་དང་ཚོགས་པ་ཁག་ཡོངས་ནས་མཉམ་རུབ་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་སོང་།

དེ་བཞིན་སྤྱི་འཐུས་ཁག་གཅིག་གིས་སུད་སི་སྐུ་ཚབ་དོན་གཅོད་ཀྱི་སྔོན་རྩིས་གཏན་འབེབས་ཁྲོད། ཉེ་ལམ་རྒྱ་ནག་གཞུང་གིས་ཇི་ཎི་ཝར་ཚོགས་པའི་གྲུངས་ཉུང་མི་རིགས་སྲུང་སྐྱོབ་དང་འབྲེལ་བའི་ཚོགས་འདུ་ཞིག་གི་ཐོག སུད་སིར་གནས་སྡོད་བོད་པའི་གཞས་མ་ Dechen Shak Dagsay ཟེར་བ་ཞིག་མཉམ་ཞུགས་དང་འབྲེལ། ཁོང་དེ་སྔོན་བོད་ནང་བསྐྱོད་དེ་བོད་ནང་གི་བཅའ་སྡོད་སློབ་གྲྭ་དེ་ཡག་པོ་ཡོད་སྐོར་བརྗོད་པའི་གནས་ཚུལ་ཁག་གཅིག་ཐོན་བཞིན་པར་གླེང་སློང་དང་འབྲེལ། བཙན་བྱོལ་ནང་གནས་སྡོད་བོད་མི་ཞིག་རྒྱ་གཞུང་གི་ལག་ཆར་འགྱུར་བར་སེམས་འཚབ་དང་གཟབ་གཟབ་གནང་གལ་ཡིན་པ་གསུང་མཁན་བྱུང་སོང་།

དེ་རིང་གི་གྲོས་ཚོགས་ཐོག་གཞན་ཡང་ཕྱི་དྲིལ་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་སྔོན་རྩིས་ཁྲོད་རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་ཚོགས་འདུ་དང་འབྲེལ། སྤྱི་འཐུས་ཁག་གཅིག་གིས་གཞོན་ནུའི་ཁྱབ་ཚད་དང་ཚོགས་བཅར་བ་སུ་ཡིན་མིན་སོགས་ཀྱི་ཐད་ལ་བཀའ་འདྲི་ཞུས་ཡོད།

གཞི་རྩའི་དེ་རིང་གི་གྲོས་ཚོགས་ཚོགས་དུས་ཐོག་ཨིན་ལེན་དང་ཨོ་སི་ཀྲོ་ལི་ཡ། ཉི་འོང་། བལ་ཡུལ། རུ་སོག སྦར་སིལ། པེ་རིས་བོད་ཁང་ཐེབས་རྩ། ལྷོ་ཨཕཱི་རི་ཀ ཐའེ་ཝན། ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་ཀྱི་སྔོན་རྩིས་གཏན་འབེབས་གནང་ཡོད་པ་དང་། གཞན་ཡང་དེ་རིང་གི་ཚོགས་དུས་ཐོག་ཕྱི་རྒྱལ་ཁག་གི་གཟའ་མཇུག་སློབ་གྲྭའི་གནས་སྟངས་དང་། ཁེ་ན་ཌ་དང་ཧྥ་རན་སི་ནང་དུ་དོན་གཅོད་གསར་འཛུགས་གནང་དགོས་པར་བཀའ་ཤག་གི་ལན་འདེབས་གསལ་བཤད། དེ་བཞིན་དེ་སྔོན་བལ་ཡུལ་ནང་རྒྱ་ནག་གཞུང་ཚབ་ཀྱིས་བོད་ཀྱི་ལོ་གསར་གོ་སྒྲིག་བྱས་པའི་གནད་དོན་སོགས་གླེང་སློང་གནང་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།