Tibetan Royal Year of 2151 | Year of the Wood Dragon

ཇི་སྲིད་རང་བཙན་མ་ཐོབ་པ་དེ་སྲིད་དུ་ངོ་རྒོལ་སྐད་འབོད་བྱེད་ཀྱི་ཡིན་ཞེས་གསུངས་པ།

Tibetan News Headlines

  • EU-China relations and significance of Xi Jinping’s Europe visit: Discussion

རེས་གཟའ་པ་སངས། ༢༠༢༤།༠༥།༡༡

  • ཞི་ཅིན་ཕིང་གི་ཐེངས་འདིའི་ཡོ་རོབ་སྐོར་བསྐྱོད་ཀྱི་གནད་འགག་དང་། རྒྱ་ནག་དང་ཡོ་རོབ་དབར་གྱི་འབྲེལ་ལམ་སྐོར་གླེང་མོལ་གྱི་ལས་རིམ།

G20 སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་སང་ཉིན་ནས་དབུ་འཛུགས་གནང་གི་ཡོད་པ་དང་བསྟུན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་སོང་།  

སང་ཉིན་ཕྱི་ཚེས་ ༩ དང་ ༡༠ བཅས་ཉིན་གྲངས་གཉིས་རིང་རྒྱལ་ས་ལྡི་ལི་ནང་འཚོགས་རྒྱུའི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་དབུ་ཁྲིད་ཚོ་རིམ་པས་རྒྱལ་ས་རྒྱལ་ལྡི་ལིར་འབྱོར་བཞིན་པ་དང་བསྟུན། རྒྱལ་ས་ལྡི་ལི་ནང་ཕར་འགྲོ་ཚུར་འོང་སོགས་ལ་དམ་བསྒྲགས་ཆེས་ཆེར་གནང་གི་ཡོད་པར་སྟོས་མེད་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་དེ་རིང་བོད་སྒར་བསམ་ཡས་གླིང་གི་གཞུང་ལམ་དུ་ཐོན་ནས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།  

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་ཐོག་བོད་དོན་གླེང་སློང་ཡོང་ཐབས་དང་འཛམ་གླིང་གི་དབུ་ཁྲིད་གཞན་ཚོས་རྒྱ་ནག་ལ་ཡིད་ཆེས་གདེང་འཇོག་གནང་རྒྱུ་མེད་པ། ལྷག་དོན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་དང་། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་ངེས་པར་དུ་རྒྱ་ནག་ལ་གནོན་ཤུགས་སྤྲོད་ཐབས་ཡོང་བ་བཅས་ཀྱི་དགོས་འདུན་ཆེད་བཏོན་གནང་འདུག་པར་མ་ཟད། གཞོན་ནུ་ལྷན་ཚོགས་ཀྱིས་ཇི་སྲིད་བོད་རང་བཙན་མ་ཐོབ་པ་དེ་སྲིད་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་མུ་མཐུད་སྤེལ་རྒྱུ་ཡིན་ཞེས་གསུངས་སོང་།

རྒྱལ་ས་ལྡི་ལིའི་བོད་སྒར་བསམ་ཡས་གླིང་ཁུལ་དུ་སྤེལ་བའི་དེ་རིང་གི་ལས་འགུལ་ནང་བོད་སྒར་བསམ་ཡས་གླིང་གི་ས་གནས་གཞོན་ནུ་དང་རོ་ཧི་ནི་བོད་ཁྱིམ་གྱི་ས་གནས་གཞོན་ནུ། ས་གནས་མང་ཚོགས་བཅས་ནས་མཉམ་ཞུགས་གནང་འདུག་པར་མ་ཟད། ལས་འགུལ་བ་ཚོས་ས་གནས་ཀྱི་གཞུང་ལམ་སྟེང་ཆུ་ཚོད་གཅིག་ལྷག་ཙམ་རིང་བོད་ཀྱི་བདག་པོ་བོད་མི་ཡིན་པ་དང་། སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་ཐོག་བོད་དོན་ངེས་པར་དུ་གླེང་སློང་དགོས་ཞེས་སོགས་ཀྱི་སྐད་འབོད་བ་གནང་བ་དང་བསྟུན།   

རྒྱ་ནག་གཞུང་གིས་བོད་ནང་མི་སེར་སྤེལ་ཡུལ་གྱི་བཅའ་སྡོད་སློབ་གྲྭ་མང་དག་ཅིག་ཆེད་འཛུགས་བརྒྱུད་དེ་དག་ནང་བོད་ཕྲུག་བྱིས་པ་ལོ་ན་ ༤ ནས་ ༡༨ བར་ཁྱོན་ས་ཡ་གཅིག་ལྷག་རང་ཉིད་ཀྱི་ཕ་མ་དང་ཁ་བྲལ་བཏང་སྟེ་བོད་ཀྱི་ཆོས་རིག་དང་སྐད་ཡིག་སོགས་རྒྱ་ནག་ཅན་དུ་བསྒྱུར་ཐབས་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་ལ་བློ་འཚབ་ཆེན་པོ་གནང་ཡོད།  

གཞི་རྩའི་རྒྱལ་ས་ལྡི་ལིར་འཚོགས་རྒྱུའི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་ཐོག་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་ཚབ་ཏུ་སྲིད་བློན་ Li Qiang མཉམ་ཞུགས་བྱེད་ཀྱི་ཡོད་ཀྱང་། བོད་སྒར་བསམ་ཡས་གླིང་དུ་སྤེལ་བའི་དེ་རིང་གི་ལས་འགུལ་སྐབས་རྒྱ་གར་དང་རྒྱལ་སྤྱིའི་གསར་འགོད་པ་ཕོན་ཆེན་ཞིག་ཕེབས་འདུག་པ་ལྟར། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་རྒྱལ་སྤྱིའི་གསར་འགོད་པ་དེ་དག་ལ་རྒྱ་ནག་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་བོད་ནང་གི་བོད་མི་ཚོ་ཉིན་འཁྱོལ་ཡང་མཚན་མི་འཁྱོལ་བའི་དཀའ་ངལ་ཡོད་པ་དང་། བོད་མིའི་ངོ་བོ་རྩ་བརླག་གཏོང་ཐབས་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་སོགས་ངོ་སྤྲོད་གནང་སྟེ། རྒྱ་གར་གྱི་སྲིད་བློན་མོ་དཱི་མཆོག་གིས་དབུས་པའི་སྟོབས་ཆེན་རྒྱལ་ཁབ་གཞན་གྱི་དབུ་ཁྲིད་ཚོས་ངེས་པར་དུ་བོད་དོན་གླེང་སློང་ཡོང་ཐབས་ལ་འབད་བརྩོན་གནང་གི་ཡོད་པའི་གསལ་བཤད་སོགས་ཀྱང་གནང་སོང་།    

འབྲེལ་ཡོད་གསར་གནས།

གསར་གནས།