Tibetan Royal Year of 2151 | Year of the Wood Dragon

དགའ་ལྡན་ཁྲི་ཐོག་༡༠༣དགོངས་པ་ཆོས་དབྱིངས་སུ་ཐིམ་འདུག

Tibetan News Headlines

  • Rice planting with Tashi Tobgyal, Mainpat Tibetan Settlement’s Premier Farm Cultivator
  • Saga Dawa by Yangteng Rinpoche

རེས་གཟའ་ཉི་མ། ༢༠༢༤།༠༥།༡༢

  • མན་སྤར་ཕན་བདེ་གླིང་བོད་མིའི་གཞིས་ཆགས་ཀྱི་ཞིང་པ་བཀྲིས་སྟོབས་རྒྱལ་ལགས་དང་གླེང་མོལ།
  • ས་ག་ཟླ་བ་ངོ་སྤྲོད།

འཇམ་དགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་ ༡༠༣ རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་ཁ་སང་ཟླ་ ༤ ཚེས་ ༢༡ མཚན་མོ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་མེཀ་སི་སྨན་ཁང་དུ་དགུང་གྲངས་ ༨༠ སྟེང་དགོངས་པ་ཆོས་དབྱིངས་སུ་ཐིམ་འདུག
རྩ་བའི་རིན་པོ་ཆེ་མཆོག་སྔ་ལོ་ ༢༠༡༦ ལོའི་ཟླ་ ༡༠ ཚེས་ ༡༩ ཉིན་དགའ་ལྡན་ཁྲི་ཐོག་ ༡༠༣ པར་བསྐོ་གཞག་གནང་པ་དང་ཕྱི་ཟླ་ ༡༡ ཚེས་ ༥ ཉིན་དངོས་སུ་ཁྲི་སྟོན་མངའ་གསོལ་ཡོད་པ་རེད།
རིན་པོ་ཆེ་མཆོག་གིས་དེ་སྔ་འདི་ག་རླུང་འཕྲིན་ཁང་གི་བཅར་འདྲི་ཞིག་གི་ནང་། ༸གོང་ས་མཆོག་གིས་ཁོང་དགའ་ལྡན་ཁྲི་པར་བསྐོ་གཞག་མཛད་པ་དེས་ཐུགས་དགྱེས་ཚོར་ཆེན་པོ་བྱུང་བ་གསུངས་བ་དང་ཆབས་ཅིག དགའ་ལྡན་ཁྲི་པའི་མཛད་འགན་གཙོ་བོ་ནི་རི་བོ་དགེ་ལུགས་པ་ཡོངས་ཀྱི་ཆོས་སྲིད་གཉིས་ཀྱི་བྱ་བ་མཐའ་དག་དང་བསླབ་པ་སློབ་གཉེར་ཡར་རྒྱས་གཏང་རྒྱུར་ཐུགས་འགན་གཙོ་བཞེས་གནང་དགོས་ཀྱི་ཡོད་པ་སོགས་བཀའ་ལན་བསྩལ་ཡོད།
དགའ་ལྡན་ཁྲི་ཐོག་ ༡༠༣ རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་ནི་ཁམས་ཡ་ར་ཞེས་པར་སྐུ་འཁྲུངས་པ་དང་། ཆུང་དུས་ཡ་ར་ཚེམ་དགོན་པར་རབ་ཏུ་བྱུང་ཞིང་། དགུང་ལོ་ ༡༦ ཐོག་དབུས་ཕྱོགས་སུ་ཕེབས་ནས་འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཞུགས་ཀྱིས་གཞུང་ཆེན་དག་ལ་སློབ་གཉེར་གནང་འདུག ༡༩༥༩ ལོར་བོད་ལ་དུས་འགྱུར་བྱུང་སྐབས་བཙན་བྱོལ་དུ་ཕེབས་ནས་སྦག་ས་ཆོས་སྒར་དུ་མུ་མཐུད་སློབ་གཉེར་གནང་པ་དང་། དེ་རྗེས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཀྱི་གཞིས་གྲོང་དང་པོ་ནང་དུ་གང་ཙམ་བཞུགས་འདགུ དེ་རྗེས་༸གོང་ས་མཆོག་གིས་བཀའ་འབྲེལ་ལྟར་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་སྒྲིག་ཁོངས་སུ་ཞུགས་ནས་མུ་མཐུད་སློབ་གཉེར་གནང་པ་མ་ཟད། སྔ་ཕྱིར་གྲྭ་ཚང་གི་ཕྱག་མཛོད་དང་གྲྭ་ཚང་གི་ཞིང་ལས་བྱེད་མཁན་གྱི་རྒྱ་དཔོན་དང་བཅུ་དཔོན། དགེ་བསྐོས་སོགས་ལས་གནས་མང་དག་གི་ཐུགས་འགན་བཞེས་འདུག
དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཞེས་གནང་སྟེ་རྒྱུད་སྟོད་ཚང་དུ་ལོ་གཅིག་རིང་སྔགས་ཀྱི་སློབ་གཉེར་གནང་ཞིང་སྔགས་རམས་པའི་མཚན་རྟགས་བཞེས་གནང་འདུག་པ་མ་ཟད། སླར་འབྲས་སྤུངས་ལ་ཕེབས་ནས་སློབ་མ་སྟོང་ཕྲག་མང་པོར་དཔེ་ཁྲིད་གནང་ནས་བཞུགས་འདུག དེ་རྗེས་༸གོང་ས་མཆོག་གིས་རྒྱུད་སྟོད་བླ་མ་དབུ་མཛད་ཀྱི་ཕྱག་རྟགས་ཕེབས་དོན་ལྟར་བླ་མ་དབུ་མཛད་ལོ་གསུམ་དང་མཁན་པོ་ལོ་གསུམ་བཅས་གནང་ཡོད་པ་རེད་འདུག
གཞན་ཡང་རིན་པོ་ཆེ་མཆོག་ཨོ་སི་ཊོ་ལི་ཡ་དང་ཧྥ་རན་སི། སུད་སི་སོགས་ཕྱིའི་ཡུལ་གྲུ་ཁ་ཤས་ལ་གདན་ཞུ་ཕུལ་བ་བཞིན་ཕེབས་ནས་ནང་ཆོས་འཆད་ཁྲིད་གནང་འདུག ཕྱི་ལོ་ ༢༠༠༣ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་ཤར་པ་ཆོས་རྗེའི་མཚན་གནས་བསྩལ་འདུག་པ་དང་། དུས་དེ་ནས་བཟུང་ཉེ་ཆར་དགའ་ལྡན་ཁྲི་པའི་ཕྱག་རྟགས་མ་བསྩལ་བར་ལོ་ངོ་ ༡༤ རིང་ཤར་པ་ཆོས་རྗེའི་མཚན་གནས་བཞེས་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།