Tibetan Royal Year of 2151 | Year of the Wood Dragon

དབྱིན་ཡུལ་ཕྱི་སྲིད་དྲུང་ཆེ་མཆོག་ནས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཐུག་འཕྲད་སྐབས་བོད་དོན་གླེང་དགོས་པའི་ཞུ་སྐུལ།

Tibetan News Headlines

  • Former political prisoner Namkyi’s brave Journey: From Protest, Imprisonment to Eventual Escape to India

རེས་གཟའ་སྤེན་པ། ༢༠༢༤།༠༥།༠༤

  • རྒྱ་གཞུང་གི་མནར་གཅོད་འོག་༸རྒྱལ་བ་རིན་པོ་ཆེར་དད་གུས་གཡོ་མེད་དུ་གནས་པའི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས།

ཇར་མ་ནི་གྲོང་ཁྱེར་མུ་ནིག་ནང་དུ་འཚོགས་བཞིན་པའི་ ༢༠༢༤ མུ་ནིག་བདེ་འཇགས་ལྷན་ཚོགས་ Munich Security Conference ཐོག་དབྱིན་ཡུལ་ཕྱི་སྲིད་དྲུང་ཆེ་མཆོག་ནས་རྒྱ་ནག་དང་ལྷན་དུ་བོད་ཀྱི་གནད་དོན་སྐོར་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུས་གནང་འདུག

དེ་ཡང་དེ་རིང་ཕྱི་ཟླ་ ༢ ཚེས་ ༡༦ ནས་ ༡༨ བར་ཇར་མ་ནི་གྲོང་ཁྱེར་མུ་ནིག་ནང་དུ་མུ་ནིག་བདེ་འཇགས་ལྷན་ཚོགས་ ༢༠༢༤ ཞེས་ཐེངས་ ༦༠ ཐམ་པ་དེ་ཚོགས་གནང་གི་ཡོད་པ་དང་། ལྷན་ཚོགས་དེའི་ཐོག་དབྱིན་ཡུལ་གྱི་ཕྱི་སྲིད་དྲུང་ཆེ་ David Cameron ཌེ་ཝིཌ་ཀེ་མི་རོན་ལགས་དང་། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ Wang Yi ཝང་ཡི་གཉིས་ཀྱི་བར་ཐུག་འཕྲད་གནང་རྒྱུ་ཡིན་འདུག་པ་དང་འབྲེལ།  ཁ་སང་ཕྱི་ཚེས་ ༡༥ ནིན་ Free Tibet བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། དབྱིན་ཡུལ་བོད་རིགས་ཚོགས་པ། དེ་བཞིན་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གསུམ་ཟུང་སྦྲེལ་གྱི་ཐོག་ནས་དབྱིན་ཡུལ་ཕྱི་སྲིད་ལས་ཁུངས་སུ་ཐུག་འཕྲད་དེའི་ཁྲོད་རྒྱ་ནག་དང་ལྷན་དུ་བོད་ཀྱི་གནད་དོན་གླེང་སློང་གནང་དགོས་པར་དོན་ཚན་གསུམ་ཅན་འཁོད་པའི་ཞུ་ཡིག་ཅིག་པའི་ཕུལ་གནང་འདུག

ཞུ་ཡིག་ནང་འཁོད་དོན་ཚན་གསུམ་པོ་དེ་དག་ནི་བོད་ནང་རྒྱ་ནག་གི་ཆེད་འཛུགས་བྱེད་པའི་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་བཅའ་སྡོད་སློབ་གྲྭ་དེ་དག་འཕྲལ་མར་མཚམས་འཇོག་དགོས་པའི་ཐོག་བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱེད་སའི་སློབ་གྲྭ་ཆེད་འཛུགས་གནང་དགོས་པ་དང་། ༸རྒྱལ་བའི་སྐུའི་ཡང་སྲིད་ཀྱི་གནད་དོན་ལ་ཐེ་བྱུས་དང་བོད་ཀྱི་དགོན་སྡེ་ཁག་ལ་དམ་བསྒྲགས་མཚོན་པའི་བོད་མིའི་ཆོས་དད་རང་དབང་རྡོག་རོལ་གྱི་སྲིད་བྱུས་རྣམས་འཕྲལ་མར་མཚམས་འཇོག་དགོས་པ། དེ་བཞིན་བོད་ཀྱི་ཁོར་ཡུག་ལས་འགུལ་བ་ཨ་ཉ་སེང་སྒྲ་དང་ལྷུན་གྲུབ་གྲགས་པ་མཚོན་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་འཕྲལ་མར་གློད་བཀྲོལ་དགོས་པ་འཁོད་འདུག

གནད་དོན་དེ་དང་འབྲེལ་ནས་དབྱིན་ཡུལ་བོད་རིགས་ཚོགས་པའི་ཚོགས་གཙོ་བསྟན་འཛིན་ཀུན་དགའ་ལགས་སུ་བཀའ་འདྲི་ཞུས་ཡོད་པས་གོང་གི་སྒྲ་སྒམ་ནས་གསན་ཐུབ།

རྩ་བའི་ David Cameron ཌེ་ཝིཌ་ཀེ་མི་རོན་མཆོག་དབྱིན་ཡུལ་གྱི་ཕྱི་སྲིད་དྲུང་ཆེའི་ཐུགས་འགན་བཞེས་པ་ནས་བཟུང་རྒྱ་ནག་གི་བློན་ཆེན་དང་ཐུག་འཕྲད་གནང་རྒྱུ་དེ་ནི་ད་རེས་ཐེངས་དང་པོ་ཆགས་ཀྱི་ཡོད་པ་དང་། ཁོང་ཕྱི་སྲིད་དྲུང་ཆེ་བཀོད་པ་ནས་བཟུང་རྒྱ་ནག་དང་ལྷན་དུ་འབྲེལ་བ་ཡོད་པའི་སྐོར་གནོན་ཤུགས་ཆེ་ཆེར་སླེབས་ཡོད་ཅིང་། ལྷག་པར་ད་རེས་ཀྱི་ཐུག་འཕྲད་དེའི་ཁྲོད་རྒྱ་ནག་དང་ལྷན་དུ་འགྲོ་བ་མིའི་ཐོབ་ཐང་དང་དབྱིན་ཡུལ་རྒྱལ་ཁབ་ཀྱི་བདེ་འཇགས་སྐོར་གླེང་སློང་གནང་དགོས་སོགས་ཀྱི་དགོས་འདུན་ཡང་འདོན་མཁན་མི་ཉུང་བ་ཞིག་བྱུང་ཡོད་པ་རེད།

མ་ཟད་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་ནས་རྒྱ་ནག་ལ་སྐྱོན་བརྗོད་ཤུགས་ཆེ་གནང་སྟེ། རྒྱ་ནག་གིས་སྲིད་དོན་ཉེས་ཆད་བཀལ་ས་དབྱིན་ཡུལ་གྱི་རྙིང་ཞེན་ཆབ་སྲིད་ཚོགས་པའི་འགོ་ཁྲིད་ཟུར་པ་ Iain Duncan Smith ལགས་ཀྱིས། David Cameron ཌེ་ཝིཌ་ཀེ་མི་རོན་མཆོག་ནས་ཝང་ཡི་དང་ལྷན་དུ། ཡུ་གུར་མི་རིགས་རྩ་གཏོར་གྱི་གནད་དོན་དང་། རྒྱ་ནག་གི་མི་སེར་མ་ཡིན་པའི་མི་རིགས་བོད་པ་ཚོའི་ཁྲོད་དུ་བྲན་གཡོག་ངལ་རྩོལ་གྱི་གནད་དོན། དེ་བཞིན་དབྱིན་ཇིའི་མི་སེར་ Jimmy Lai ཇི་མི་ལའེ་ལགས་ལ་བཏང་བའི་མནར་གཅོད་ཀྱི་གནད་དོན་ཙམ་མ་ཟད།རྒྱ་གཞུང་གིས་དབྱིན་ཡུལ་གྲོས་ཚོགས་འཐུས་མི་རྣམས་ལ་སྲིད་དོན་ཉེས་ཆད་བཀལ་བ་དེ་དག་ཕྱིར་འཐེན་བྱ་དགོས་པ་བཅས་ཀྱི་ཐོག་ལ་ངེས་པར་དུ་གླེང་སློང་གནང་དགོས་པ་གསུངས་འདུག

གནས་ཚུལ་ཐོན་ཁག་ལ་གཞིགས་ན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་དེ་འབྲེལ་ལྷན་ཚོགས་མཇུག་སྒྲིལ་རྗེས་ཡོ་རོབ་རྒྱལ་ཁབ་ Spain སིཔེན་དང་། France ཧྥ་རན་ནང་བསྐྱོད་འཆར་ཡོད་པ་རེད་འདུག

གཞི་རྩའི་མུ་ནིག་བདེ་འཇགས་ལྷན་ཚོགས་དེ་ནི་ཕྱི་ལོ་ ༡༩༦༣ ལོར་ཐོག་མར་འགོ་འཛུགས་གནང་བ་ཞིག་ཡིན་ཞིང་། ཐེངས་འདིའི་ལྷན་ཚོགས་ཐོག་རྒྱལ་ཁབ་ཀྱི་དབུ་ཁྲིད་དང་། བློན་ཆེན། རྒྱལ་སྤྱི་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་མི་སྣ་གྲགས་ཅན། ཚོང་དོན་སྐུ་ཚབ།་གསར་འགོད་པ། ཤེས་ཡོན་སྡེ་ཁག་གི་མི་སྣ་སོགས་ཁྱོན་མི་སྣ་ ༤༥༠ ལྷག་ཞུགས་གནང་སྟེ། ཨུ་རུ་སུ་དང་ཡུ་ཀ་རེན་གྱི་དམག་འཁྲུག ཨི་ཛི་རེལ་དང་ཧཱ་མཱས་གྱི་དམག་འཁྲུག དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སོགས་རྒྱལ་སྤྱིའི་ཛ་དྲག་བདེ་འཇགས་ཐོག་གླེང་སློང་གནང་རྒྱུ་ཡིན་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།