Tibetan Royal Year of 2151 | Year of the Wood Dragon

པདྨ་ཚེ་བརྟན་གྱི་གློག་བརྙན་གསའ་ལ་ཨེ་ཤེ་ཡའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་བྱ་དགའ་མཐོ་ཤོས་ཐོབ་པ།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་དམ་པ་པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་ Snow Leopard འམ་གསའ་ཞེས་པ་དེར་ཧྥ་རན་སི་ནང་ཚོགས་པའི་ཨེ་ཤེ་ཡའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་ The Golden Cyclo ཞེས་པའི་བྱ་དགའ་མཐོ་ཤོས་དེ་ཐོབ་འདུག་པ་མ་ཟད། གློག་བརྙན་འཁྲབ་སྟོན་པ་ཚེ་བརྟན་བཀྲིས་ལགས་སུ་དམིགས་བསལ་ཟུར་དཔང་གི་ཆེ་བསྟོད་གནང་འདུག

དེའང་ཕ་རན་སིའི་ Vesoul གྲོང་ཁྱེར་ནང་ཟླ་བ་འདིའི་ཚེས་ ༦ ནས་ ༡༣ བར་ཚོགས་པའི་ Vesoul International Festival of Asian Cinema གློག་བརྙན་དུས་སྟོན་དེའི་ཐོག སྔ་ལོའི་ཕྱི་ཟླ་ ༥ པའི་ནང་དགོངས་པ་རྫོགས་པའི་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་དམ་པ་པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་གསའ་ཞེས་པ་དེར་ Golden Cyclo བྱ་དགའ་ཐོབ་པ་མ་ཟད། National Institute of Oriental Languages and Civilizations ཞེས་པའི་ཟུར་དཔང་གི་བྱ་དགའ་ཡང་ཐོབ་འདུག

ཧྥ་རན་སི་ནང་གི་དུས་སྟོན་དེའི་ཐོག་པདྨ་ཚེ་བརྟན་དམ་པ་དེ་ཉིད་ལ་ The Golden Cyclo ཞེས་པའི་བྱ་དགའ་དེ་ཐོབ་པ་ད་རེས་ཐེངས་གསུམ་པ་ཆགས་ཀྱི་ཡོད་ཅིང་། དེ་སྔ་ཕྱི་ལོ་ ༢༠༡༦ ལོར་ཁོང་གི་གློག་བརྙན་ཐར་ལོ་དང་། ཕྱི་ལོ་ ༢༠༡༩ ལོར་སྦྱིན་པ་ཞེས་པའི་གློག་བརྙན་ལའང་བྱ་དགའ་དེ་ཐོབ་མྱོང་ཡོད་པ་མ་ཟད། འདི་ལོའི་གློག་བརྙན་དུས་སྟོན་གྱི་ཟུར་དཔང་རྣམས་ཀྱིས་གསའ་ཞེས་པའི་གློག་བརྙན་དེའི་ནང་འགྲོ་བ་མིའི་འཇིག་རྟེན་གྱི་རྩོད་རྙོག་ལ་ཆོས་ཕྱོགས་ནས་འགྲེལ་བཤད་གནང་གི་ཡོད་པར་བརྩམས་ཆོས་དེ་དངོས་གནས་དཀོན་པོ་ཞིག་ཡིན་པ་གསུངས་འདུག

བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ནང་གསལ་ལྟར་ན། གློག་བརྙན་དུས་སྟོན་དེའི་ཐོག Kazakhstan ཀཱ་ཛཱ་ཀིས་ཏཱན་དང་། Thailand ཐའེ་ལེནྜ། བལ་ཡུལ་སོགས་རྒྱལ་ཁབ་ཁག་ ༢༩ ནས་གློག་བརྙན་ཁྱོན་ ༩༠ འདེམས་སྒྲུག་གནང་བའི་ཁྲོད། དམ་པ་པདྨ་ཚེ་བརྟན་ལགས་སུ་བྱ་དགའ་རྩེ་ཕུད་དེ་ཐོབ་པ་མ་ཟད། གློག་བརྙན་ཁྲབ་སྟོན་པ་ཚེ་བརྟན་བཀྲིས་ལགས་སུ་དམིགས་བསལ་ཟུར་དཔང་གི་ཆེ་བསྟོད་གནང་ཡོད་པ་རེད་འདུག

རྩ་བའི་དམ་པ་པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་ Snow Leopard ཞེས་པ་དེའི་ནང་དོན་ནི་གཅན་གཟན་གྱི་རིགས་གངས་གཟིག་འམ་གསའ་ཞེས་པ་དེས་ཁྱིམ་ཚང་ཞིག་ཏུ་འཛུལ་ནས་གཏོར་བཅོམ་དང་ལུག་གུ་བསད་པར་ཁྱིམ་མི་ཚོས་གངས་གཟིགས་དེ་ཉིད་བསད་དང་མ་བསད་ཀྱི་གནད་དོན་གཙོས་གླེང་མོལ་མང་དག་དང་འབྲེལ། གྲྭ་པ་ཞིག་དང་གངས་གཟིག་བར་ལ་ཡོད་པའི་ལྐོག་གྱུར་གྱི་འབྲེལ་བ་དེའི་བརྒྱུད་ནས། བོད་མིའི་སྲོལ་རྒྱུན་གྱི་འཇིག་རྟེན་ལྟ་ཚུལ་དེ་མངོན་པའི་རྩོམ་གཞིའི་འཁྲབ་སྟོན་ཞིག་ཡིན་པ་རེད།  གློག་བརྙན་དེ་ནི་པདྨ་ཚེ་བརྟན་ལགས་དམ་པ་དེ་ཉིད་མ་གྲོངས་པའི་གོང་དུ་གློག་བརྙན་གཉིས་བཟོ་བསྐྲུན་གནང་བཞིན་པའི་ཁོངས་ནས་གཅིག་ཆགས་ཡོད་པ་རེད།

པདྨ་ཚེ་བརྟན་ལགས་ནི་ཕྱི་ལོ་ ༡༩༦༩ ཟླ་ ༡༢ ནང་བོད་མདོ་སྨད་ཁུལ་དུ་སྐྱེས་ཤིང་འདི་ལོའི་ཟླ་ ༥ ཚེས་ ༨ ཉིན་གྱི་ཞོགས་པ་ཁོང་དགུང་གྲངས་ ༥༤ ཐོག་སྙིང་ནད་རྐྱེན་གྱིས་འདས་གྲོངས་སུ་གྱུར་ཡོད་པ་རེད། དམ་པ་ཁོང་གིས་ཕྱི་ལོ་ ༢༠༠༢ ལོར་ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་ཞེས་པའི་གློག་བརྙན་ཆེས་ཐོག་མ་བཟོ་བསྐྲུན་གནང་སྐབས་རྒྱལ་སྤྱིའི་ཐོག་ངོས་འཛིན་ཤུགས་ཆེར་ཐོབ་སྟེ། རྩྭ་ཐང་དང་ཁྱི་རྒན། སྦྱིན་པ། ཐར་ལོ་ལ་སོགས་པའི་གློག་བརྙན་དུ་མ་བཟོ་བསྐྲུན་གནང་ཡོད་པ་མ་ཟད་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དུ་མའི་ནང་གློག་བརྙན་གཟིགས་འབུལ་དང་བྱ་དགའང་དུ་མ་ཐོབ་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།