Tibetan Royal Year of 2151 | Year of the Wood Dragon

དྷ་ས་ཆིག་སྒྲིལ་རུ་ཁག་དང་མོན་གྷོ་འདོད་རྒུ་གླིང་རུ་ཁག་གཉིས་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་འགྲན་བསྡུར་ཐེངས་ ༢༩ པའི་མཐའ་མའི་འགྲན་བསྡུར་ནང་ཚུད་སོང་།

Tibetan News Headlines

  • Sikyong Penpa Tsering returns to Dharashala after receiving NED Democracy Award
  • Jamyang Tenzin completes Ladakh to Dharamshala cycle rally for Tibet
  • Tibetans protest Chinese premier Li Qiang’s visit to Australia
  • China’s anti-corruption watchdog investigates former Tibet party boss Wu Yingjie
  • APFA cup, football tournament for Tibetan aged 40 and above kicks off in Clement Town

རེས་གཟའ་ཟླ་བ། ༢༠༢༤།༠༦།༡༧

  • སྲིད་སྐྱོང་མཆོག་བཞུགས་སྒར་དུ་ཕེབས་འབྱོར།
  • འཇམ་དབྱངས་བསྟན་འཛིན་ལགས་ཀྱིས་བོད་དོན་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་མཇུག་སྒྲིལ།
  • ཨོ་གླིང་བོད་མིས་རྒྱ་ནག་གི་སྲིད་བློན་ Li Qiang ལ་ཞི་རྒོལ།
  • བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་ཟུར་པ་ཝུའུ་ཡིང་ཅེ་ལ་ཞིབ་བཤེར་བྱེད་བཞིན་པ།
  • ཨ་ཕ་རྐང་སྤོལ་རྩེད་འགྲན་འགོ་འཛུགས།

བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་གོ་སྒྲིག་འོག་ཕྱི་ཟླ་ ༥ ཚེས་ ༡༥ ནས་རྒྱ་གར་ལྷོ་ཕྱོགས་ཧུན་སུར་རབ་རྒྱས་གླིང་གི་རྩེད་ཐང་དུ་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་ ༢༩ པ་རྩེད་ བཞིན་ཡོད་པ་ལྟར། དེ་རིང་ཚོུད་ ༡༢།༠༠ ཡོལ་ཙམ་ལ་མཐའ་མའི་འགྲན་བསྡུར་རིམ་པ་གཉིས་པ་ Semi Finals དབུ་འཛུགས་ཀྱིས། ཐོག་མར་སྤོན་ཊ་ཆོལ་གསུམ་རུ་ཁག་དང་མོན་གྷོ་འདོད་རྒུ་གླིང་རུ་ཁག་གཉིས་དབར་རྩེད་འགྲན་གནང་སྟེ་སྤོ་ལོ་གཉིས་དང་ཀླད་ཀོར་ཐོག་ནས་མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་རྒྱལ་ཁ་ཐོབ་སོང་།

དེ་བཞིན་རྩེད་འགྲན་གཉིས་པ་དྷ་ས་ཆིག་སྒྲིལ་རུ་ཁག་དང་གོ་ལ་ཐ་ལ་རུ་ཁག་གཉིས་དབར་གྱི་འགྲན་བསྡུར་ཁྲོད། སྤོ་ལོ་གསུམ་དང་ཀླད་ཀོར་ཐོག་ནས་དྷ་ས་ཆིག་སྒྲིལ་རུ་ཁག་ལ་རྒྱལ་ཁ་ཐོབ་ཡོད་པ་དང་། སང་ཚོུད་ ༡།༠༠ ཐོག་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་ ༢༩ པའི་མཐའ་མའི་རྩེད་འགྲན་དེ་རྒྱ་གར་བྱང་ཕྱོགས་བཞུགས་སྒར་དྷ་རམ་ས་ལའི་དྷ་ས་ཆིག་སྒྲིལ་རུ་ཁག་དང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་རུ་ཁག་གཉིས་དབར་རྩེད་འགྲན་གནང་རྒྱུ་ཡིན་པ་རེད།

གསར་འགོད་པས་འདི་ལོའི་༸རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་མཐའ་མར་ཚུད་མཁན་གྱི་དྷ་ས་ཆིག་སྒྲིལ་རུ་ཁག་དང་མོན་གྷོ་འདོད་རྒུ་གླིང་རུ་ཁག་གཉིས་ཀྱི་རུ་དཔོན་ལ་ད་རེས་ཁོང་རྣམ་པ་རྩེད་འགྲན་མཐའ་མའི་ནང་ཚུད་ཡོད་པའི་མྱོང་ཚོར་དང་སང་ཉིན་རྒྱལ་ཁ་ཐོབ་རྒྱུའི་གདེང་ཚོད་ག་ཚོད་ཡོད་མིན་ཐད་བཅར་འདྲི་ཁག་གཅིག་ཞུས་པར། མོན་གྷོ་འདོད་རྒུ་གླིང་རུ་ཁག་གི་རུ་དཔོན་ངག་དབང་བདེ་ཆེན་ལགས་ཀྱིས། ད་རེས་ཁོང་རྣམ་པ་རྩེད་འགྲན་མཐའ་མའི་ནང་བསླེབས་ཡོད་པ་དེ་ནི་རྩེད་འགྲན་པ་རྣམ་པས་འབད་བརྩོན་དང་དཀའ་ལས་རྒྱག་པའི་མཇུག་འབྲས་ཤིག་ཡིན་པ་དང་། སང་ཉིན་གྱི་རྩེད་འགྲན་ཁྲོད་རྩེད་འགྲན་པ་རྣམ་པས་གང་ཡོང་གནང་གི་ཡིན་ཞེས་གསུངས་སོང་།

དེ་བཞིན་དྷ་ས་ཆིག་སྒྲིལ་རུ་ཁག་གི་རུ་དཔོན་ཟླ་བ་བཀྲ་ཤིས་ལགས་ཀྱིས། དེ་རིང་ཁོང་གི་རུ་ཁག་དེ་རྩེད་འགྲན་མཐའ་མའི་ནང་བསླེབས་ཡོད་པར་ཧ་ཅང་དགའ་པོ་བྱུང་ཞེས་དང་། སང་རྩེད་འགྲན་ཁྲོད་རྒྱལ་ཁ་ཐོབ་མིན་ལ་མི་ལྟོས་པར་ཁོང་རྣམ་པས་འབད་བརྩོན་གང་ཐུབ་གནང་རྒྱུ་ཡིན་པ་གསུངས་སོང་།

གཞི་རྩའི་ཟླ་བ་འདིའི་ཕྱི་ཚེས་ ༡༥ ནས་འགོ་བཙུགས་ཀྱིས་ཉིན་གྲངས་ ༡༣ རིང་འཚོག་བཞིན་པའི་རྩེད་འགྲན་དེའི་ཐོག རྒྱ་གར་གཙོ་བོར་འགྱུར་བའི་ཨོ་གླིང་དང་། བལ་ཡུལ་བཅས་ནས་རུ་ཁག་ཁྱོན་ ༡༦ ནས་མཉམ་ཞུགས་གནང་ཡོད་པ་དང་། ཐེངས་འདིའི་རྩེད་འགྲན་ཐོག་རྒྱལ་ཁ་ཐོབ་མཁན་གྱི་རུ་ཁག་ལ་ཧིན་སྒོར་འབུམ་གཉིས་དང་ཨང་གཉིས་པར་འབུམ་གཅིག་དང་ཕྱེད་ཀ་གསོལ་རས་སུ་གནང་རྒྱུ་དང་། སྒོ་སྲུང་བ་དང་རྩེད་འགྲན་པ་བཟང་སྤྱོད་ཡག་ཤོས་ཀྱི་བྱ་དགའ་ཡང་འབུལ་གཏན་འཁེལ་འདུག

འབྲེལ་ཡོད་གསར་གནས།

གསར་གནས།