Tibetan Royal Year of 2151 | Year of the Wood Dragon

དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་མི་ལོ་ ༦༢ འཁོར་བའི་དུས་སྟོན་སྲུང་བརྩི།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

ཁ་སང་ཕྱི་ཚེས་ ༢༣ ཉིན་དྷརྨ་སཱ་ལཱར་རྟེན་གཞི་བྱས་པའི་དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་མི་ལོ་ ༦༢ ཧྲིལ་པོ་འཁོར་བའི་དུས་སྟོན་སྲུང་བརྩི་དང་སྦྲགས་བཀའ་ཟུར་ལྷ་སྐུ་རྗེ་བཙུན་པདྨ་མཆོག་གིས་བོད་ཕྲུག་སློབ་མ་ཚོའི་ཤེས་ཡོན་དང་བདེ་དོན་ཐོག་བློས་བཏང་ཆེན་པོས་ཕྱག་ལས་གནང་བར་བཀའ་དྲིན་གཏང་རག་གི་གཟེངས་རྟགས་འབུལ་བཞེས་སོགས་ཀྱི་མཛད་སྒོ་ཚོགས་ཡོད།མཛད་སྒོའི་སྐུ་མགྲོན་གཙོ་བོ་སྐུ་མགྲོན་གཙོ་བོ་ཞྭ་སེར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག སྐུ་མགྲོན་དུ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། ༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་ཚབ། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་ཁག་གི་སྐུ་ཚབ། དེ་བཞིན་བོད་ཕྲུག་ཁྱིམ་སྡེའི་སྦྱིན་བདག་ཁག་ཅིག དགེ་སློབ་ལས་ཟུར་དང་བཞུགས་སྒར་ཉེ་འཁོར་གྱི་ས་གནས་བོད་མི་སོགས་མཉམ་ཞུགས་གནང་ཡོད།སྐབས་དེར་སྐུ་མགྲོན་གཙོ་བོ་༸སྐྱབས་རྗེ་ཡོངས་འཛིན་གླིང་རིན་པོ་ཆེ་མཆོག་གིས་ད་ཆ་ང་ཚོའི་ཤེས་ཡོན་དང་འབྲེལ་བའི་གྲུབ་འབྲས་མཐོང་རྒྱུ་ཡོད་པ་དེ་དག་ནི་གཙོ་བོ་༸གོང་ས་མཆོག་གི་བཀའ་དྲིན་དང་རྒྱ་གར་གཞུང་མང་གཉིས་ཀྱི་རྒྱབ་སྐྱོར། དེ་བཞིན་ལྷ་སྐུ་རྗེ་བཙུན་པདྨ་མཆོག་མཆོག་གིས་དབུས་པའི་མི་རབས་རྒན་པ་ཚོས་སྐུ་ལས་བསྐྱོན་པ་ལས་བྱུང་བ་ཞིག་ཡིན་པ་སོགས་བཀའ་གནང་ཡོད་པར་མ་ཟད། རིན་པོ་ཆེ་མཆོག་གིས་ད་དུང་ང་ཚོའི་མི་རབས་འདི་དུས་ནས་དུས་སུ་བརྗེ་པོ་ཐེབས་ཀྱི་ཡོད་སྟབས་གཞོན་སྐྱེས་རྣམས་ཀྱིས་བོད་མི་རིགས་དང་རྩ་དོན་ཐོག་འགན་མང་ཙམ་བཞེས་གལ་ཆགས་ཡོད་པར་ལམ་སྟོན་གནང་ཡོད། དེ་བཞིན་ཨ་མ་རྗེ་བཙུན་པདྨ་མཆོག་གིས་བོད་ཕྲུག་ཁྱིམ་སྡེ་ཐོག་མང་གསར་འཛུགས་གནང་སྐབས་ཀྱི་བརྒྱུད་རིམ་ཁག་དྲན་གསོ་གནང་བ་དང་འབྲེལ་ཏེ། ད་ཆ་ཕྱིར་གཟིགས་གནང་སྐབས་ད་བར་གྱི་ལས་དོན་དེ་དག་དངོས་གནས་འགྲིག་འདུག་པའི་ཐུགས་ཚོར་བྱུང་ཞེས་བཀའ་གནང་སོང་ལ། ལས་དོན་གང་ཞིག་གཉེར་ཡང་གཙོ་བོ་༸རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་སློབ་སེམས་ལ་བཅངས་ནས་གནང་ཚེ་ལས་དོན་གང་ཡིན་ལེགས་གྲུབ་ཐུབ་ཀྱི་ཡོད་སྟབས་ད་ལྟ་ཕྱག་ལས་གནང་མཁན་ཚོས་ཀྱང་མུ་མཐུད་དེ་ལྟར་གནང་བའི་ཐུགས་རེ་ཡོད་པར་བཀའ་གནང་བ་དང་ཆབས་ཅིག་ལྷག་པར་ང་ཚོའི་ཕྲུ་གུ་ཚོ་མ་འོངས་བོད་ཀྱི་སོན་རྩ་ཡིན་པ་དང་སོན་རྩ་དེ་ཚོ་ཧྲ་ཏག་ཏག་ཅིག་འབྱུང་ཚེ་ང་ཚོར་སོ་སོའི་རྒྱལ་ཁབ་མེད་ཀྱང་ང་ཚོར་སོན་རྩ་ཧྲག་ཏག་ཏག་ཅིག་ཡོད། དེས་ན་བོད་ཕྲུག་སློབ་མ་ཚོའི་ཤེས་ཡོན་དང་བདེ་དོན་ཐོག་འབྲེལ་ཡོད་ཚང་མས་མུ་མཐུད་ཤུགས་སྣོན་རྒྱག་རོགས་ཞེས་རེ་སྐུལ་གནང་སོང་།   དེ་བཞིན་ཨ་མ་ལགས་ཀྱིས་ང་ཚོའི་ངོས་ནས་རྟག་ཏུ་ཕྱིའི་རོགས་ཚོགས་ལ་བརྟེན་རྒྱུ་དེ་ཁག་པོ་ཆགས་ཡོད་སྟབས་བོད་ཕྲུག་ཁྱིམ་སྡེའི་སློབ་ཟུར་དང་ང་རང་ཚོའི་སྤྱི་ཚོགས་ནང་དཔལ་འབྱོར་གྱི་གནས་བབ་གང་ལེགས་ཡོད་པ་ཚོས་ཐུགས་འགན་བཞེས་ཏེ་རོགས་རམ་གནང་གལ་ཡིན་པ་བཀའ་གནང་སོང་།   དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དེང་སང་རྒྱ་ནག་གཞུང་གིས་བོད་ནང་ལ་རང་ལོ་ ༦ ནས་ ༡༨ བར་གྱི་བོད་ཕྲུག་རྣམས་གཏན་འཇགས་སློབ་གྲྭར་བཅུགས་ཏེ་སོ་སོའི་སྐད་ཡིག་དང་རིག་གཞུང་ལ་སློབ་གཉེར་གནང་རྒྱུར་ངལ་བ་ཆེད་བཟོ་བྱེད་བཞིན་པ་སོགས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་ཁག་ཅིག་དྲན་གསོ་དང་སྦྲགས། ང་ཚོ་བཙན་བྱོལ་རང་དབང་ལུང་པའི་ནང་ལ་བོད་ཀྱི་སྐད་ཡིག་དང་ཆོས་རིག ལེགས་བྱང་བཅས་པར་དོ་སྣང་དང་འབད་རྩོལ་གནང་གནད་ཡིན་པ་གསུངས་ཡོད། སྲིད་སྐྱོང་མཆོག་གིས་ད་ལྟའི་བཙན་བྱོལ་སྤྱི་ཚོགས་ནང་བོད་ཕྲུག་སློབ་མའི་གྲངས་འབོར་ཉུང་དུ་འགྲོ་བཞིན་པའི་གནས་སྟངས་སོགས་དང་འབྲེལ། མ་འོངས་བཙན་བྱོལ་བོད་མིའི་ཤེས་ཡོན་གྱི་གནས་སྟངས་ཇི་ཆགས་ཐད་ལ་སློབ་གྲྭ་དང་སྡེ་ཚན་བྱེ་བྲག་པའི་བདེ་དོན་ཙམ་མིན་པར་ཕྱོགས་ཡོངས་ཀྱི་གནས་སྟངས་ལ་དགོངས་བཞེས་གནང་དགོས་པ་སོགས་གསུངས་ཡོད། དེ་བཞོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སློབ་ཕྲུག་རྣམས་ལ་བོད་ཀྱི་ཐུན་མིན་ཡ་རབས་བཟང་སྤྱོད་ཀྱི་གོམས་གཤིས་འཇག་ཐབས་དང་ཕྲུ་གུའི་ལུས་སེམས་གཉིས་ཀྱི་འཕྲོད་བསྟེན་སོགས་ལ་མུ་མཐུད་རོགས་རམ་གནང་དགོས་པའི་བསྐུལ་མ་གནང་ཡོད། ལྷག་པར་དུ་དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་པའི་དུས་ཆེན་དང་བསྟུན། བོད་ཕྲུག་ཁྱིམ་སྡེའི་ལས་སློབ་ངོ་ཟུར་ཡོངས་ཀྱིས་བཀའ་ཟུར་ལྷ་སྐུ་རྗེ་བཙུན་པདྨ་མཆོག་ལ་བཀའ་དྲིན་གཏང་རག་མཚོན་ཕྱིར་རིན་ཆེན་གཉིས་པ་དངུལ་ལས་གྲུབ་པའི་རྗེ་བཙུན་སྒྲོལ་མའི་སྐུ་ཞིག་ཕུལ་ཡོད།མཛད་སྒོའི་ཐོག་ཨ་མ་རྗེ་བཙུན་པདྨ་མཆོག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་གློག་བརྙན་ཨ་མ་ལགས་ཞེས་པ་དང་། ཕྱག་དེབ་གངས་ཅན་བོད་ཀྱི་ཨ་མ་ལགས། དེ་སྔ་ཨ་མ་ལགས་ཀྱིས་དབྱིན་ཡིག་ནང་ལྗགས་རྩོམ་གནང་བའི་ Tibet: My Story བོད་སྒྱུར་ཞུས་པ་བཅས་དབུ་འབྱེད་གནང་ཡོད།བོད་ཕྲུག་ཁྱིམ་སྡེ་ནང་ཞབས་ལོ་ ༢༠ ལྷག་སོང་བ་དགེ་ལས་དང་ཤེས་ཡོན་ཐོག་གཟེངས་ཐོན་སློབ་མ་ཁག་ཅིག་བཅས་ལ་ལེགས་གསོའི་གཟེངས་རྟགས་སོགས་གསོལ་སྩལ་གནང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།