དེ་རིང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པའི་ལས་ཉིན་ ༡༢ པའི་ཐོག ནང་སྲིད་ལས་ཁུངས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་སྔོན་རྩིས་ཐོག་བགྲོ་གླེང་གི་ལས་རིམ་ཐོག་མུ་མཐུད་ཕེབས་པའི་ཁྲོད། གཞིས་སྤོས་ཀྱི་ལས་གཞི་གང་ལེགས་བྱུང་བར་སྤྱི་འཐུས་མང་ཆེ་བས་བསྔགས་བརྗོད་ཞུས་པ་དང་འབྲེལ། དེང་སྐབས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་བོད་མི་ཁག་གཅིག་མི་ཚེའི་མཐའ་འཇུག་དེ་ཚུར་རྒྱ་གར་ནང་སྐྱེལ་འདོད་ཡོད་པ་དང་འབྲེལ་ནས་གནས་སྤོ་བྱེད་འདོད་ཡོད་མཁན་མང་པོ་ཞིག་ཡོད་པ་དེ་དག་ལ་ནང་སྲིད་ལས་ཁུངས་ནས་ཀྱང་མཐུན་རྐྱེན་ཞིག་བསྐྲུན་དགོས་པའི་སྐུལ་འདེབས་ཞུས་གནང་སོང་།

དེ་ཡང་སྤྱི་འཐུས་ལྷན་ཚོགས་སུ་སྔ་དྲོ་ཕྱག་ཚོད་ ༩།༣༠ ཐོག་གྲོས་ཚོགས་འགོ་བཙུགས་མ་ཐག་ནང་སྲིད་ལས་ཁུངས་ཀྱི་སྔོན་རྩིས་ཐོག་བགྲོ་གླེང་གི་ལས་རིམ་ཐོག་ཕེབས་པའི་ཁྲོད། སྤྱི་འཐུས་མང་དག་ཅིག་གིས་བོད་མིའི་གཞིས་སྤོས་ལས་གཞིའི་འགྲོ་ལུགས་ཧ་ཅང་ཡག་པོ་བྱུང་ཡོད་པ་དང་། ལྷག་པར་དུ་བོད་ནས་རྗེས་འབྱོར་བ་མང་པོ་ཞིག་ལ་སྡོད་ཁང་གི་ཆ་རྐྱེན་བསྐྲུན་ཐུབ་པར་བསྔགས་བརྗོད་ཞུ་མཁན་བྱུང་སོང་ལ། སྐབས་དེར་སྤྱི་འཐུས་ཁག་གཅིག་གིས་དེང་སྐབས་དེ་སྔ་ཕྱི་རྒྱལ་དུ་ཕེབས་རྗེས་ད་ལྟ་སོ་སོའི་མི་ཚེའི་མཐའ་འཇུག་ཏུ་རྒྱ་གར་དུ་རང་གི་སྤྱི་ཚོགས་དང་དགོན་སྡེ་ཁག་གི་འགྲམ་དུ་བཅའ་སྡོད་བྱེད་རྒྱུའི་འདོད་པ་ཡོད་མཁན་མང་པོ་ཡོང་བཞིན་ཡོད་སྐོར་དང་འབྲེལ། དེ་དག་གི་ཐོག་ལ་ནང་སྲིད་ལས་ཁུངས་ཀྱི་མཐུན་འགྱུར་གནང་རྒྱུའི་སྐུལ་འདེབས་གནང་བར། ནང་སྲིད་བཀའ་བློན་གཅིག་ལྕོགས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྤྱིར་ནང་སྲིད་ལས་ཁུངས་ཀྱི་ངོས་ནས་ཕྱིར་སྡོད་བོད་མི་རྣམས་ལ་ OCI ཡིག་ཆ་རག་ཐབས་ཐོག་འབད་བརྩོན་གནང་མུས་ཡིན་ཡང་དེ་དག་གཞན་དབང་སྟབས་བསྟུན་ཡིན་པ་ལྟར་ངེས་གཏན་ཐོག་གང་ཡང་གསུང་ཐུབ་ཀྱི་མེད་པ་ལས། ཕྱིར་སྡོད་བོད་མི་ཞིག་གིས་གཞིས་ཆགས་ཁག་ནང་ཁང་པ་ཉོ་བ་དང་གསར་རྒྱག་བྱེད་པ་སོགས་ཆོག་གི་མེད་པ་དེ་ལྟར་ཡང་། ཚོགས་སྒེར་ཁག་གཅིག་ནས་དེའི་ཐོག་ཐབས་ཤེས་སྟོན་བཞིན་ཡོད་པ་གསུངས་སོང་།
དེ་བཞིན་དེ་རིང་གི་བགྲོ་གླེང་ཁྲོད་སྤྱི་འཐུས་ཁག་གཅིག་ནས་སྤྱི་མཐུན་མཉམ་འབྲེལ་གྱི་གནས་སྟངས་དང་མཉམ་འབྲེལ་དང་ས་གནས་འགོ་འཛིན་དབར་གྱི་འབྲེལ་བ་ཡག་པོ་དགོས་པ། དེ་སྔ་ Bandara མཉམ་ལས་ཀྱི་རྙོག་གླེང་གི་གནས་སྟངས། དེ་བཞིན་འདས་པའི་ལོ་མང་ནས་བོད་མིའི་སྒྲིག་འཛུགས་ཀྱི་འབྲས་ལྗོངས་དང་རྡ་རམ་ས་ལའི་བོད་ཀྱི་གསོལ་སྒྲོན་ཁང་དེ་གཉིས་སྤྱི་མཐུན་མཉམ་འབྲེལ་ལ་གླ་ཆ་ཉུང་ཉུང་ཐོག་བོག་མ་བཏང་ཡོད་པ་དེ་དག་ཡག་པོ་ཡོང་ཐུབ་ཀྱི་མེད་པ་སོགས་དང་འབྲེལ་ནས་དགོངས་འཆར་དང་དྲི་བ་བཏང་མཁན་བྱུང་བར། སྲིད་སྐྱོང་མཆོག་གིས་རྩ་བའི་ས་ཁག་འདྲ་མིན་གྱི་མཉམ་འབྲེལ་གྱི་གནས་སྟངས་མི་འདྲ་བ་ཡོད་པ་དང་། ད་ལྟའི་ཆར་ Mainpat མཉམ་འབྲེལ་འདི་མི་མང་གི་མ་རྩ་ཆེ་ཤོས་བཙུགས་པའི་མཉམ་འབྲེལ་ཞིག་ཆགས་ཡོད་པ། དེ་བཞིན་ Bandara རྙོག་གླེང་ནང་ཚུད་པའི་མི་དེ་ད་ལྟའང་གར་སོང་ཆ་མེད་དུ་གྱུར་ཏེ་ཞིབ་དཔྱོད་བྱེད་དཀའ་བ་སོགས་ཀྱི་གནས་སྟངས་ངོ་སྤྲོད་དང་སྦྲགས། སྤྱིར་མཉམ་འབྲེལ་སོགས་སྒྲིག་འཛུགས་གང་འདྲ་ཞིག་ཡིན་རུང་ནོར་འཁྲུལ་ཆེ་ཤོས་དེ་སྟངས་འཛིན་ཡག་པོ་མེད་པའི་རྐྱེན་གྱི་དཀའ་ངལ་ཆགས་ཀྱི་ཡོད་པ་ལྟར། སྒྲིག་འཛུགས་ཚང་མའི་ངོས་ནས་ཕྱག་ལས་ག་རེ་གནང་བ་ཡིན་ནའང་ཁྲིམས་མཐུན་ཚད་ལྡན་གནང་དགོས་གལ་ཡིན་པ་སོགས་གསུངས་སོང་།

དེ་བཞིན་དེ་རིང་ནང་སྲིད་ལས་ཁུངས་ཀྱི་སྔོན་རྩིས་ཐོག་བགྲོ་གླེང་ཁྲོད། ན་གཞོན་ལས་མེད་རོགས་སྐྱོར་ལས་གཞི་དང་ནང་སྲིད་ཁྱབ་ཁོངས་གཞིས་ཆགས་ཁག་ཏུ་སོ་ནམ་འདེབས་ལས་དང་འབྲེལ་ནས་ག་སྨུག་འདེབས་ལས་ཀྱི་ས་འོག་གི་འཐུང་ཆུ་འབག་བཙོག་འགྲོ་བཞིན་པ། དེ་བཞིན་ལོ་ལྟར་ཧི་མ་ཅལ་མངའ་སྡེའི་ཀུ་ལུ་ Manali ཁུལ་དུ་ལོ་ལྟར་ཆར་ཤུགས་ཀྱི་གོད་ཆགས་འོག་མང་ཚོགས་རྣམས་ལ་སྲོག་གི་ཉེན་ཁ་ཡོད་པ་དང་འབྲེལ་ནས་ཁོང་རྣམས་ལ་གཞིས་སྤོ་ལས་གཞིའི་ནང་ས་གནས་གཞན་དུ་གནས་སྤོ་བྱ་དགོས་པའི་འབོད་སྐུལ་ཞུས་མཁན་སོགས་བྱུང་སོང་།
ལས་རིམ་ལྟར་ན་གནངས་སྔ་དྲོ་དྲི་བ་དྲི་ལན་དང་ཐུགས་སྣང་གཞེན་སྐུལ་གྱི་གྲོས་ཆོད་གྲོས་འཆར་གྱི་ལས་རིམ། གཞུང་འབྲེལ་གྲོས་ཆོད་གྲོས་འཆར་དང་། ཁྲིམས་བཟོའི་ལས་དོན་ཁག་བཅས་མཇུག་སྐྱོང་གནང་རྗེས། གཏོང་ལེན་ཁྲིམས་ཡིག་གཏན་འབེབས་དང་འབྲེལ་གྲོས་ཚོགས་མཇུག་སྒྲིལ་གནང་རྒྱུ་རེད་འདུག



