ཁ་ཉིན་ཕྱི་ཚེས་ ༧ ཉིན་བོད་གཞིས་ཀ་རྩེ་ས་ཁུལ་སྟོད་དིང་རི་རྫོང་གི་ས་གནས་ཁག་མང་པོ་ཞིག་ལ་ས་ཡོམ་ཤུགས་ཚད་ ༧་༡ ཅན་བརྒྱབ་པའི་ཁྲོད་མི་རྒྱུ་ཟོག་གསུམ་ལ་གོད་ཆགས་ཆེན་པོ་བྱུང་བ་དང་འབྲེལ། དཔལ་༸རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་དང་། ས་སྐྱ་༸གོང་མ་ཁྲི་ཆེན་མཆོག་དང་ས་སྐྱ་གོང་མ་ཁྲི་འཛིན་ཞེ་གསུམ་པ། རྒྱལ་བ་སྨན་རི་ཁྲི་འཛིན་སོ་བཞི་པ་མཆོག ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག དེ་བཞིན་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་བཅས་བོད་ཀྱི་བསྟན་བདག་བླ་ཆེན་རྣམས་ནས་ཐུགས་གསོའི་གསུང་འཕྲིན་བསྩལ་འདུག

གཞི་རྩའི་རྒྱ་ནག་གིས་གཞུང་འབྲེལ་བརྒྱུད་ལམ་ཁྲོད་ཐེངས་འདིའི་ས་ཡོམ་འོག་ཁ་སང་ཕྱི་དྲོ་བར་མི་གྲངས་ ༡༢༦ རྐྱེན་འདས་སུ་ཕྱིན་པ་དང་མི་ ༡༨༨ ལ་རྨས་སྐྱོན་ཕོག་པ། དེ་བཞིན་སྡོད་ཁང་ ༣༦༠༠ ཙམ་གཏོར་བཤིག་ཕྱིན་ཡོད་སྐོར་བརྗོད་ཡོད་པ་དང་། ས་གནས་སུ་ཕྱིའི་གསར་འགོད་པ་བསྐྱོད་མི་ཆོག་པ་དང་འབྲེལ་ས་གནས་ཀྱི་གནས་སྟངས་དངོས་དང་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ལས་མ་གཏོགས་གྲངས་འབོར་གསལ་པོ་ཐོབ་དཀའ་བའི་ཁྲོད། དེ་རིང་གི་གནས་ཚུལ་ཁག་གི་ནང་གྲངས་འབོར་ལ་འགྱུར་བ་དམིགས་བསལ་གང་ཡང་ཐེབས་མེད་པ་མ་ཟད། དོན་རྐྱེན་འོག་འབོར་བརླག་སོང་བའི་མིའི་གྲངས་འབོར་གསལ་ཁ་གང་ཡང་མིན་འདུག
དེ་བཞིན་ས་ཡོམ་གྱི་ཆུ་ཚོད་ ༤༨ རྗེས་སུ་ས་གནས་ཀྱི་ཆེས་གྲངས་ངར་གྱི་གནམ་གཤིས་ཁྲོད་ཞིག་རོའི་ནང་དུ་མི་གསོན་པོ་ལྷག་རྒྱུ་ཁག་པོ་ཡིན་པ་ལྟར། མི་འཚོལ་ཞིབ་ཀྱི་ལས་དོན་རྣམས་མཚམས་འཇོག་བྱས་ཡོད་པ་མ་ཟད། ས་ཡོམ་གྱི་གོད་ཆགས་ཕོག་སའི་ཁུལ་དུ་གནམ་གཤིས་ཧ་ཅང་གྲངས་ངར་ཆེ་བ་དང་། ས་གནས་སུ་མྱུར་སྐྱོབ་མཐུན་རྐྱེན་གདངས་ངེས་ཡོད་སྐོར་དང་སྦྲགས། བོད་མི་ཕྱག་རོགས་གནང་མཁན་སྒེར་དང་ཚོགས་པ་ཁག་ལ་ཆོག་མཆན་མེད་པར་ཁུལ་དེར་འགྲོ་མི་ཆོག་པའི་དམ་བསྒྲགས་བྱས་འདུག

རྩ་བའི་ཐེངས་འདིར་བོད་ནང་བྱུང་བའི་རང་བཞིན་གྱི་རྐྱེན་ངན་དེ་ལྟ་བུ་བྱུང་མ་ཐག ཁ་སང་དཔལ་༸རྒྱལ་བ་ཀརྨ་པ་དབུ་རྒྱན་འཕྲིན་ལས་རྡོ་རྗེ་རིན་པོ་ཆེ་མཆོག་གིས་བརྙན་པར་གསུང་འཕྲིན་ཞིག་གི་བརྒྱུད་འདས་པོ་རྣམས་ཀྱི་ཆེད་དུ་བསྔོ་སྨོན་དང་ཤུལ་ལུས་རྣམས་ཀྱི་ཆེད་དུ་གདུང་སེམས་མཉམ་བསྐྱེད་ཀྱི་བརྡ་ལན་སྩལ་བ་མ་ཟད། དིང་རི་ས་གནས་སྲིད་གཞུང་དང་བོད་ནང་གི་བོད་མི་ཡོངས་ནས་ས་ཡོམ་གྱི་གོད་ཆགས་ཕོག་མཁན་རྣམས་ལ་རོག་སྐྱོར་གང་ཐུབ་གནང་དགོས་པའི་ཞུ་སྐུལ་མཛད་འདུག
ལྷག་པར་དུ་༸རིན་པོ་ཆེ་མཆོག་གིས་བོད་ཀྱི་ས་གནས་གང་སའི་བོད་མི་རྣམས་ཀྱིས་དིང་རི་མང་ཚོགས་ལ་རོགས་སྐྱོར་དང་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་ཕྱོགས་ལ་གཞིགས་ཏེ། སྐྱིད་སྡུག་མཉམ་མྱོང་དང་རྡོག་རྩ་གཅིག་སྒྲིལ། དེ་བཞིན་བོད་མི་ཚང་མ་ཁྱིམ་ཚང་གཅིག་ཡིན་པའི་རྣམ་པ་ཤུགས་ཆེ་མངོན་རྒྱུ་ཡོད་པར་ཐུགས་རྒྱས་ཚོར་ཆེན་པོ་བྱུང་ཡོད་པ་བཀའ་གནང་འདུག

ཕྱོགས་མཚུངས་ཁ་སང་དཔལ་ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་རིན་པོ་ཆེ་མཆོག་གིས་བརྙན་པར་བརྒྱུད་དིང་རི་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་མཛད་པ་དང་འབྲེལ། རིན་པོ་ཆེ་མཆོག་གིས་ས་ཡོམ་གྱི་གནས་ཚུལ་ཐོས་མ་ཐག་ཏུ་རྐྱེན་འདས་རྣམས་ཀྱི་སླད་དུ་འཕོ་བའི་དམིགས་འདེམས་དང་ཤུ་ལུས་རྣམས་ལ་སེམས་གསོ་དང་བསྔོ་སྨོན་མཛད་བཞིན་ཡོད་པ་མ་ཟད། ཉིན་ཤེས་རྗེས་ཆོས་སྒར་འདུས་ཚོགས་ནས་སྨོན་ལམ་དང་མཉམ་དུ་ཀུན་རིག་གི་སྒོ་ནས་སྦྱིན་སྲེག་དང་ཆོ་ག་རྒྱས་པ་འཚོགས་རྒྱུ་ཡིན་པ་བཀའ་གནང་འདུག
ལྷག་པར་དེ་རིང་དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་ཞེ་གསུམ་པ་ཛྙ་ན་བཛྲ་རིན་པོ་ཆེ་མཆོག་གིས་ཆེས་ཡ་ང་ཤིང་ཡིད་སྐྱོ་བའི་གནས་ཚུལ་དེ་གཟིགས་མ་ཐག་རིན་པོ་ཆེ་མཆོག་ལ་ལུས་སེམས་ཚུགས་མི་ཐུབ་པའི་ཚོར་བ་ཤུགས་ཆེར་བྱུང་སྐོར་བཀའ་མཛད་པ་དང་འབྲེལ། ཤུལ་ལུས་ཁྱེད་རྣམ་པ་དང་མཉམ་དུ་ངོས་ནས་གདུང་སེམས་མཉམ་བསྐྱེད་ཞུ་བ་ཆབས་ཅིག ཚེ་ལས་འདས་ཚད་ཡོངས་ཀྱི་ཆེད་བསྔོ་སྨོན་ཞུས་དང་ཞུ་བཞིན་པ་ནས། འདས་གསོན་ཡོངས་ཀྱི་དོན་དུ་མཆོག་གསུམ་བསླུ་བ་མེད་པར་རྒྱུན་དུ་གསོལ་འདེབས་དང་དམ་ཅན་སྲུང་མར་འཕྲིན་བསྐུལ་རྒྱུན་བསྲིངས་ཞུ་བཞིན་པ་གསུངས་འདུག

དེ་བཞིན་སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༤ པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་གིས་གཡུང་དྲུང་བོན་གྱི་༸གདན་ས་སྨན་རིའི་དགོན་དང༌། བཙུན་དགོན་རད་ན་སྨན་གླིང་བཅས་དགེ་བཙུན་མང་ཚོགས་ནས་འདས་གསོན་རྣམས་ཀྱི་ཆེད་དུ་བསྔོ་སྨོན་དང་ཚེ་སྒྲུབ་བར་ཆད་ལམ་སེལ་བཅས་ཞུས་དང་ཞུ་བཞིན་པ་མ་ཟད། རིན་པོ་ཆེ་སྐུ་ཉིད་ནས་ཀྱང་ཚེ་འདས་རྣམས་ཀྱི་སླད་དུ་བསྔོ་སྨོན་ཞུ་བ་དང་འབྲེལ། རྨས་སྐྱོན་ཕོག་པ་རྣམས་མྱུར་དུ་དྲག་བསྐྱེད་དང་། རྗེས་ལུས་ནང་མི་གཉེན་བཅས་ལ་ཐུགས་གསོའི་འཚམས་འདྲི་དང་། ལུས་སེམས་སྡུག་བསྔལ་གྱིས་མནར་བའི་བོད་མི་རྣམས་མྱུར་ནས་མྱུར་དུ་སྔར་བཞིན་ཞི་བདེ་དང་ཚེ་རིང་ནད་མེད། བར་ཆད་མཐའ་དག་ཞི་ཕྱིར། སྐྱབས་དང་མགོན་དུ་གྱུར་བའི་ཡུལ་མཆོག་དམ་པ་རྣམས་ལ་གསོལ་བ་ཕུར་ཚུགས་སུ་འདེབས་བཞིན་ཡོད་བཅས་བཀའ་བསྩལ་འདུག
ད་དུང་ཁ་སང་སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་རྣམ་གཉིས་ནས་ཀྱང་ཐུགས་གསོའི་གསུང་འཕྲིན་བསྩལ་ཏེ་གོད་ཆགས་ཁྲོད་རྐྱེན་འདས་སུ་སོང་བ་རྣམས་མྱུར་དུ་ཟུང་འཇུག་རྒྱལ་བའི་གོ་འཕང་ཐོབ་པ་དང་། ཤུལ་ལུས་རྣམས་ཀྱི་དངངས་སྐྲག་དཀའ་སྡུག་མཐའ་དག་ཞི་ནས་ཚེ་ལྷག་དོན་ལྡན་ཡོང་བ། འབྱུང་བཞིའི་གནོད་འཚེ་མྱུར་དུ་ཞི་ནས་བདེ་སྐྱིད་ཀྱི་དཔལ་ལ་ལོངས་སུ་སྤྱོད་པའི་མཆོག་གསུམ་རྒྱལ་བ་རྒྱ་མཚོར་གསོལ་འདེབས་སྨོན་འདུན་ཞུ་བཞིན་ཡོད་པ་སོགས་གསུངས་འདུག

དེའི་བར་ན་རྒྱ་ནག་གི་གཞུང་འབྲེལ་དྲྭ་ཐོག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཕྱི་ཟླ་ ༡ ཚེས་ ༨ ཀྱི་ཕྱི་དྲོར་བོད་མཚོ་སྔོན་མགོ་ལོག་རྨ་སྟོད་རྫོང་དུའང་ས་ཡོམ་རིམ་པ་ ༥.༥ བརྒྱབ་པ་དང་། ཡོམ་ཁུངས་ཀྱི་གཏིང་ཚད་ལ་སྤྱི་ལེ་ ༡༤ ཡིན་པ་རེད་འདུག
ས་ཡོམ་བརྒྱབ་སའི་ལྟེ་བ་ནི་མཐོ་སྒང་དུ་ཡིན་པ་དང་། རྨ་སྟོད་རྫོང་གྲོང་དང་། བར་ཐག་སྤྱི་ལེ་ ༦༥ ཙམ་ཡོད་ཅིང་། མཐའ་འཁོར་གྱི་སྤྱི་ལེ་ ༥ ཡི་ཁྱབ་ཁོངས་ནང་ཆ་སྙོམས་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་མི་ཊར་ ༤༢༧༠ ཙམ་ཟིན་ཡོད།
བོད་ནང་གི་གནས་ཚུལ་མཁོ་སྤྲོད་པས་འགྲེལ་བརྗོད་གནང་དོན་ལྟར་ན། ཐེངས་འདིའི་ས་ཡོམ་གྱི་དོན་རྐྱེན་འོག་སྡོད་ཁང་ཁ་ཤས་ལ་གནོད་སྐྱོན་ཐེབས་ཡོད་ནའང་མི་རྒྱུ་གཉིས་ཀར་གནོད་འཚེ་ཆེན་པོ་ཐེབས་མེད་སྐོར་འགྲེལ་བརྗོད་བྱས་སོང་། མིག་སྔར་མི་སྣ་ཤི་རྨས་ཀྱི་གནས་ཚུལ་ཁ་གསལ་ཤེས་རྟོགས་བྱུང་མ་སོང་།




