རྐྱེན་ངན་བྱང་ཆུབ་ལམ་དུ་སོང་བའི་ཐོག་དགེ་བའི་བློ་གོང་འཕེལ་ཡོང་ཐབས་བྱེད་དགོས་པ།

Tibetan News Headlines

  • Art & Culture: In Conversation with Tibetan Actor, Musician and Producer Tsering Dorjee Bawa

ཪེས་གཟའ་ཉི་མ། ༢༠༢༦།༡༡།༠༨

  • སྒྱུ་རྩལ་བ་ཚེ་རིང་འབའ་བ་ལགས་དང་གླེང་མོལ།

དེ་རིང་འདི་ག་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་བྱེས་ཀྱི་བཀྲིས་ལྷུན་པོའི་དགོན་པར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་དབུ་བཞུགས་འོག  སྦེལ་ཀོབ་ཁུལ་གྱི་རིས་མེད་དགོན་སྡེ་ཁག་གི་དགེ་འདུན་པ་དང་།  ས་གནས་ཀྱི་མང་ཚོགས་བཅས་ནས་ཉེ་ཆར་བོད་ཀྱི་སྟོད་དིང་རི་གཙོས་པའི་གཞིས་ཀ་རྩེ་སོགས་ཀྱི་ས་གནས་ཁག་གཅིག་ལ་ས་ཡོམ་ཤུགས་ཆེར་བརྒྱབ་སྟེ་ཡུལ་མི་རྐྱེན་འདས་དང་།   རྨས་སྐྱོན་ཕོག་པ་།  ཁང་ཁྱིམ་གཏོར་བཤིག་ཚབས་ཆེ་བྱུང་བ་བཅས་ཀྱི་ཆེད་དུ་མཆོད་འབུལ་སྨོན་ལམ་གཞི་རྒྱ་ཆེན་པོ་ཞིག་གནང་ཡོད་པ་རེད།  

Dalai lama Tashi Lhunpo Bylakuppe
པར་དབང་། OHHDL

མཆོད་འབུལ་གྱི་སྨོན་ལམ་གྲུབ་མཚམས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས།  ང་ཚོ་ཆོས་དད་ཡོད་མཁན་ཚོའི་ངོས་ནས་བོད་དུ་བྱུང་བའི་རང་འབྱུང་ཁམས་ཀྱི་འབྲས་བུ་ངན་པའི་རྐྱེན་ངན་དེ་དགེ་བའི་བློ་གོང་འཕེལ་ཐོག་སེམས་ཤུགས་ཕར་མ་ཞིག་ཡོང་ཐབས་བྱེད་དགོས་པ་དང་།  མགོན་པོ་༸གང་ཉིད་མཆོག་ནས་བརྙན་པར་བརྒྱུད་བོད་ནང་གི་རྐྱེན་ངན་དེ་གཟིགས་སྐབས་བྱང་ཆུབ་སེམས་དང་སྟོང་ཉིད་ལྟ་བ་སྒོམ་པའི་ཐོག་རྐྱེན་ངན་བྱང་ཆུབ་ལམ་དུ་ཡོང་བའི་ཐུགས་སྨོན་མཛད་ཡོད་པ་དང་།   བོད་གངས་ཅན་ལྗོངས་ཀྱི་བོད་མི་ཡོངས་ནས་རྐྱེན་ངན་འཕྲད་པ་དེ་སེམས་ཞུམ་སྡུག་སྐད་བརྒྱབ་ནས་བསྡད་པ་མ་ཡིན་པར།   སེམས་ཤུགས་སྐྱེས་ཏེ་རྐྱེན་ངན་གྲོགས་སུ་ཡོང་ཐབས་ཤིག་གནང་དགོས་པ་སོགས་ཀྱི་ལམ་སྟོན་མཛད་གནང་སོང་། 

Dalai lama Tashi Lhunpo Bylakuppe

མགོན་པོ་༸གང་ཉིད་མཆོག་གིས་ད་དུང་།  བོད་ནང་གི་ད་ལྟའི་དཀའ་ངལ་དེ་ཆབ་སྲིད་ཀྱི་དཀའ་ངལ་ཞིག་མིན་པར་རང་འབྱུང་ཁམས་ཀྱི་དཀའ་ངལ་ཞིག་ཡིན་སྟབས་གཞན་ལ་ཁོང་ཁྲོ་སོགས་བྱེད་ན་དགེ་ཚན་མེད་པའི་བཀའ་སྩལ་གནང་སྟེ།   ད་ལྟའི་ཆར་རྒྱ་ནག་ནང་ནང་པའི་ཆོས་དར་ཁྱབ་འགྲོ་བཞིན་པ་དང་བསྟུན་མགོན་པོ་༸གང་ཉིད་མཆོག་གི་མཚན་སྙན་ཡང་ཇེ་ཆེར་འགྲོ་ཡི་ཡོད་སྟབས་བོད་ཕྱི་ནང་གི་བོད་མི་ཚང་མས་བློ་མ་ཞུམ་པར་སེམས་ཤུགས་འཕར་མ་ཞིག་ཡོང་ཐབས་བྱེད་དགོས་པ་དང་།  མགོན་པོ་༸གང་ཉིད་མཆོག་ཀྱང་དགུང་ལོ་བརྒྱ་དང་བཅུ་གྲངས་འགའ་ཞིག་བཞུགས་རྒྱུའི་མཚན་མ་ཡོད་པ་བཞིན་མུ་མཐུད་ཧུར་བརྩོན་གནང་རྒྱུའི་ཞལ་བཞེས་བཅས་ཀྱང་བཀྲིན་བསྩལ་གནང་སོང་།

Dalai lama Tashi Lhunpo Bylakuppe

༸གོང་ས་༸སྐྱབས་མགོན་ཆེན་པོ་དབུ་བཞུགས་མཛད་པའི་བོད་ཀྱི་སྟོད་དིང་རི་ཁུལ་གྱི་ས་ཡོམ་རྐྱེན་ངན་གྱི་མཆོད་འབུལ་སྨོན་ལམ་དེའི་ཐོག་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཁུལ་གྱི་རིས་མེད་དགོན་སྡེ་གྲྭ་ཚང་ཁག་གི་དགེ་མདུན་དང་མང་ཚོགས་བཅས་མི་གྲངས་བརྒྱ་ཕྲག་འགའ་ཤས་ཤིག་འདུ་འཛོམས་བྱུང་ཡོད་པ་ལྟར། མགོན་པོ་༸གང་ཉིད་མཆོག་གིས་ལམ་སྟོན་བཀའ་སློབ་བསྩལ་བ་དེས་བསམ་བློ་གཏོང་ཕྱོགས་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་པའི་འགྲེལ་བརྗོད་གནང་གི་འདུག

Dalai lama Tashi Lhunpo Bylakuppe

འབྲེལ་ཡོད་གསར་གནས།

གསར་གནས།