Tibetan Royal Year of 2151 | Year of the Wood Dragon

བོད་ནང་རྒྱ་གཞུང་གིས་དབང་བསྒྱུར་ལམ་ལུགས་ཀྱི་བཅའ་སྡོད་སློབ་གྲྭ་ཕོན་ཆེ་འཛུགས་བྱེད་བཞིན་པ་མངོན་གསལ།

Tibetan News Headlines

  • བོད་ཀྱི་བེུད་། བལ་ཡུལ་ལྷ་མོ་ཚོགས་པའི་ཚོགས་མི་དང་གློག་བརྙན་འཁྲབ་སྟོན་པ་འཕྲིན་ལས་ལྷ་མོ་ལགས་དང་ལྷན་ཁོང་གི་སྒྱུ་སྩལ་གྱི་ལམ་བུའི་སྐོར་གླེང་མོལ།

རེས་གཟའ་ཉི་མ། ༢༠༢༤།༠༥།༠༥

  • Women of Tibet: In conversation with Thinley Lhamo, member of Nepal Tibetan opera and star in Nepalese film ‘Shambala’

ཨ་རི་ནང་དུ་རྟེན་གཞི་བྱས་པའི་བོད་དོན་ལས་འགུལ་བསྟི་གནས་ཁང་གིས་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ཐོག་ནས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་སྲིད་གཞུང་གིས་མི་རིགས་མཉམ་བསྲེས་ཀྱི་སྲིད་བྱུས་འོག་བོད་པའི་སློབ་ཕྲུག་བརྒྱ་ཆ་བདུན་ཅུ་ལྷག་བཙན་ལ་བཤད་ཀྱིས་བོད་ནང་རྒྱ་གཞུང་གིས་དབང་བསྒྱུར་ལམ་ལུགས་ཀྱི་བཅའ་སྡོད་སློབ་གྲྭ་ཕོན་ཆེ་འཛུགས་བྱེད་བཞིན་པའི་ཁར་བོད་ཀྱི་སྐད་ཡིག་དང་རིག་གཞུང་སོགས་གང་ཡང་མི་ཤེས་པའི་མི་རབས་ཤིག་བསྐྲུན་ཐབས་བྱེད་མུས་ཡིན་པར་མངོན་གསལ་གནང་འདུགཁ་སང་བོད་དོན་ལས་འགུལ་བསྟི་གནས་ཁང་གི་དྲ་གནས་ཐོག ༼ནང་མི་དང་ཁ་བྲལ་ཡང་འཛམ་གླིང་གིས་མི་མཐོང་བ། བོད་ནང་རྒྱ་གཞུང་གིས་དབང་བསྒྱུང་ལམ་ལུགས་ཀྱི་བཅའ་སྡོད་སློབ་གྲྭ་འཛུགས་པ།༽ ཞེས་པའི་སྙན་ཐོ་འདི་འདོན་སྤེལ་གནང་འདུག་པ་དང་ཤོག་གྲངས་ ༥༧ ཅན་གྱི་སྙན་ཐོའི་ནང་དུ་ལོ་དྲུག་ནས་བཅོ་བརྒྱད་བར་གྱི་སློབ་ཕྲུག་འབུམ་ ༨ ནས་ ༩ ཙམ་བཅས་སློབ་ཕྲུག་གྲངས་འབོར་ཁྱོན་གྱི་བརྒྱ་ཆ་ ༧༨ ཙམ་རྒྱ་ནག་གཞུང་གིས་བཙན་བཤད་འོག་བཅའ་སྡོད་སློབ་གྲྭ་ཁག་ཏུ་གཏན་སྡོད་བྱེད་བཞིན་པའི་ཁོངས་སུ་ལོ་ ༤ དང་ ༥ ཙམ་གྱི་བྱས་པ་ཡོད་པ་དང་སོ་སོའི་ཕ་མ་དང་སྤྱི་ཚོགས་ནས་རྒྱང་རིང་པོར་སྡོད་དགོས་པའི་བོད་པའི་སློབ་ཕྲུག་ཚོར་སློབ་གྲྭའི་ནང་དུ་སློབ་ཁྲིད་ཆ་ཚང་རྒྱ་ཡིག་དང་རྒྱ་སྐད་ཐོག་ནས་བྱེད་བཞིན་པར་མ་ཟད། ཆབ་སྲིད་རང་བཞིན་གྱི་སློབ་གསོ་ཤུགས་ཆེར་སྤྲོད་བཞིན་པའི་འོག་བོད་པའི་སློབ་ཕྲུག་ཚོར་རང་གི་ཆོས་དང་རིག་གཞུང་སོགས་ལག་བསྟར་ཞུ་ས་མེད་པའི་ཁར་སོ་སོའི་མི་རིགས་ཀྱི་ངོ་བོ་མི་ཤེས་པ་བཟོས་པ་སོགས་ཀྱི་སྲིད་བྱུས་སྤེལ་ཏེ་རྒྱ་ནག་གཞུང་དང་གུང་ཁྲན་ཏང་ལ་དགའ་མོས་བྱེད་མཁན་གྱི་མི་རབས་ཤིག་བསྐྲུན་ཐབས་བྱེད་བཞིན་ཡོད་པར་མངོན་གསལ་གནང་འདུག

སྙན་ཐོའི་ནང་ད་དུང་རྒྱ་ནག་གི་གྲོང་གསེབ་ཁག་ཏུ་བཅའ་སྡོད་སློབ་གྲྭ་དེ་ཙམ་མང་པོ་མེད་པ་མ་ཟད་རྒྱ་རིགས་སློབ་ཕྲུག་བཅའ་སྡོད་སློབ་གྲྭར་འགྲོ་མཁན་ཆེས་ཉུང་བ་ཡིན་སར་བོད་ནང་གི་ཤེས་ཡོན་ལམ་ལུགས་འོག་སློབ་གྲྭ་ཕལ་ཆེ་བ་བཅའ་སྡོད་སློབ་གྲྭ་ཡིན་པ་དང་། བོད་པའི་སློབ་ཕྲུག་གི་ཕ་མ་ཚོར་གནོན་ཤུགས་དང་འཇིགས་སྐུལ་འོག་སོ་སོའི་ཕྲུ་གུ་འདོད་པ་མེད་བཞིན་དུ་གཅའ་སྡོད་སློབ་གྲྭ་དེ་དག་ནང་དུ་མ་གཏང་དཀའ་མེད་གྱུར་བཞིན་པའི་ཁྲོད་སློབ་གྲྭ་ནང་དུ་སློབ་ཁྲིད་ཆ་ཚང་རྒྱ་ཡིག་དང་རྒྱ་སྐད་ཐོག་ནས་བྱེད་ཀྱི་ཡོད་པའི་དབང་གིས་འཛིན་གྲྭ་དང་པོར་སློབ་གཉེར་བྱེད་སྐབས་བོད་པའི་སློབ་ཕྲུག་ཚོ་སོ་སོའི་ཕ་སྐད་ཡང་བརྗེད་པའི་གནས་སྟངས་འོག བོད་རིགས་ཕ་མ་དང་དགེ་རྒན་རྣམས་ནས་བོད་པའི་ཕྲུ་གུ་ཚོ་རང་མི་རིགས་ཀྱི་རིག་གཞུང་དང་རྒྱང་ཐག་རིང་པོ་ཆགས་ཉེན་ཡོད་པའི་སེམས་འཚབ་གནང་བཞིན་ཡོད་པ་ཤེས་རྟོགས་བྱུང་སྐོར་མངོན་གསལ་གནང་འདུག

ཉམས་ཞིབ་པས་གསུངས་པར་རང་གི་ཕ་མ་དང་སྤྱི་ཚོགས་ནས་ཁ་བྲལ་བའི་རྐྱེན་གྱིས་བོད་པའི་སློབ་ཕྲུག་ཚོའི་སེམས་ཁམས་ལ་སོགས་པར་ཕོག་ཐུག་དང་རང་མི་རིགས་ཀྱི་ངོ་བོ་གང་ཡིན་མི་ཤེས་པའི་གནས་སྟངས་འོག་གྲོགས་མེད་ཁྱེར་རྐྱང་ལུས་པ་སོགས་ཀྱི་དཀའ་ངལ་ཤུགས་ཆེར་འཕྲད་པ་བཅས་གང་ལྟར་རྒྱ་ནག་གཞུང་གིས་དེ་གའི་ཁས་ལེན་བྱས་པའི་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མཐུན་དང་རང་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཁག་ལའང་བརྩི་མེད་རྡོག་རོལ་གཏོང་བཞིན་ཡོད་པ་མངོན་གསལ་གནང་འདུག

བོད་ནང་གི་མིག་མཐོང་ལག་ཟིན་གྱི་གནས་ཚུལ་དང་བཅའ་སྡོད་སློབ་གྲྭར་འགྲོ་མྱོང་ཞིང་བཙན་བྱོལ་དུ་ཕེབས་མཁན་བོད་མི་ཉམས་མྱོང་ཡོད་མཁན། དེ་བཞིན་བོད་ནང་གི་བཅའ་སྡོད་སློབ་གྲྭ་དང་རྒྱ་ནག་སྐོར་ཉམས་ཞིབ་གནང་མཁན་གྱི་མཁས་པ་སོགས་ཀྱི་ཁུངས་ལྡན་གནས་ཚུལ་གཞན་མང་པོར་ཞིབ་དཔྱད་ཀྱིས་ཉམས་ཞིབ་གནང་བའི་ཁྲོད་སློབ་གྲྭ་དེ་དག་ནང་གི་གནས་སྟངས་ཤིན་ཏུ་ཞན་པོ་ཡོད་པར་མ་ཟད་སློབ་ཕྲུག་ཚོར་ཉེས་རྡུང་བཏང་བ་དང་། བཙན་གཡེམ། དབྱེ་འབྱེད་སོགས་བྱེད་བཞིན་པའི་ཐོག་ཆབ་སྲིད་རང་བཞིན་ཀྱི་སློབ་གསོ་སྤྲད་པ་བཅས་ཧ་ཅང་ཛ་དྲག་གི་གནས་སྟངས་གྱུར་ཡོད་པ་ཤེས་རྟོགས་བྱུང་འདུག

བོད་དོན་ལས་འགུལ་བསྟི་གནས་ཁང་གི་འགན་འཛིན་བཀྲས་མཐོང་ལྷག་སྒྲོན་ལགས་ཀྱིས་རྒྱ་གཞུང་གིས་བོད་པའི་སློབ་ཕྲུག་ཚོར་ཤེས་ཡོན་སློབ་གསོ་སྤྲོད་ཀྱི་ཡོད་སྐོར་བཤད་ཀྱི་ཡོད་ཀྱང་། དོན་དམ་པའི་དམིགས་ཡུལ་ནི་བཅའ་སྡོད་སློབ་གྲྭར་བཏང་ནས་བོད་ཀྱི་ངོ་བོ་དང་རིག་གཞུང་རྩ་མེད་བཟོ་རྒྱུ་དེ་ཡིན་པར་ཐེར་འདོན་གནང་བ་དང་འབྲེལ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དབུས་པའི་རྒྱལ་སྤྱིའི་རྒྱལ་ཁབ་རྣམས་ཀྱིས་ངེས་པར་དུ་བར་འདུམ་གནང་སྟེ་རྒྱ་གཞུང་ལ་བཅའ་སྡོད་སློབ་གྲྭའི་ལས་གཞི་སྤེལ་མཚམས་འཇོག་དགོས་པའི་སྐུལ་མ་དང་གནོན་ཤུགས་སྤྲོད་དགོས་པ། རྒྱ་ནག་གཞུང་ལ་བོད་པའི་བྱིས་པ་རྣམས་ཕ་མ་དང་ཁ་བྲལ་མི་དགོས་པའི་ཐོག་བོད་ཀྱི་སྐད་ཡིག་ཚད་ལྡན་གྱི་ཤེས་ཡོན་སློབ་སྦྱོང་སྤྲོད་དགོས་པའི་རེ་སྐུ་གནང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།