ཕྱི་ལོ་ ༢༠༠༩ ནང་བོད་མི་སྐྱབས་བཅོལ་བ་ལྔ་ལ་འགྲུལ་བསྐྱོད་ཡིག་ཆ་རྫུན་བཟོ་བྱས་པའི་ཉེས་མིང་འོག བལ་ཡུལ་ཕྱི་སྲིད་ལྷན་ཁང་གི་ཟུང་དྲུང་ Pushpa Raj Bhattarai འཛིན་བཟུང་བྱས་འདུག

དེ་ཡང་ The Kathmandu Post གསར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཁ་སང་ཕྱི་ཚེས་ ༣ ཉིན་བལ་ཡུལ་གྱི་ Central Investigation Bureau ཞེས་བལ་ཡུལ་དབུས་ཉེན་རྟོག་ཞིབ་འཇུག་ལས་ཁུངས་ཀྱིས། བལ་ཡུལ་ཕྱི་སྲིད་ལྷན་ཁང་གི་ཟུང་དྲུང་ Pushpa Raj Bhattarai ལགས་ངོས་ནས་ལོ་ ༡༧ སྔོན་ཏེ་ཕྱི་ལོ་ ༢༠༠༩ ཙམ་ལ་བོད་མི་སྐྱབས་བཅོལ་བ་ལྔའི་མིང་ཐོག་ནས་འགྲུལ་ཡིག་རྫུན་བཟོ་བྱས་པར་འབྲེལ་བ་ཡོད་པའི་ཉེས་མིང་འོག་འཛིན་བཟུང་བྱས་འདུག གནས་ཚུལ་ནང་བོད་མི་སྐྱབས་བཅོལ་བ་ལྔ་པོ་དེ་དག་འཇར་མ་ནིའི་ནང་གནས་སྡོད་བྱེད་བཞིན་པའི་རང་ཉིད་ཀྱི་མཉེན་ཉེ་ཚོ་དང་ཟླ་སྒྲིལ་སླད་འགྲུལ་ཡིག་ཞུས་ཡོད་པ་དང་། སྐུ་ཞབས་ Bhattarai ལགས་དང་ཕྱག་རོགས་རྣམ་པས་ཁོང་བོད་མི་དེ་དག་རྒྱ་གར་ནང་གནས་སྡོད་བྱེད་མཁན་ཡིན་བཞིན་དུ་བོད་ནས་གསར་དུ་འབྱོར་བ་ཡིན་ཁུལ་འོག་འགྲུལ་ཡིག་མཁོ་སྤྲོད་བྱས་ཡོད་ཚུལ་གསལ་སྟོན་བྱས་འདུག
ད་ལྟའི་ཆར་ Pushpa Raj Bhattarai ལགས་བལ་ཡུལ་ཕྱི་སྲིད་ལས་ཁུངས་ཀྱིས་ཟུང་དྲུང་ཡིན་པ་དེ་ལྟར་ཡང་། ཕྱི་ལོ་ ༢༠༠༩ ཙམ་ལ་ཁོང་སྐབས་དེའི་བལ་ཡུལ་གྱི་མཐོང་མཆན་ལས་ཁུངས་ཀྱི་སྡེ་ཚན་འགན་འཛིན་ཡིན་འདུག་ཅིང་། བལ་ཡུལ་དབུས་ཉེས་རྟོག་ཞིབ་འཇུག་ལས་ཁུངས་ཀྱིས་ཞིབ་འཇུག་གྲུབ་དོན་དུ། District Government Attorney’s Office ཞེས་ཀ་ཐ་མན་ཌུ་རྫོང་གི་སྲིད་གཞུང་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁ་སང་བལ་ཡུལ་ཕྱི་སྲིད་ལྷན་ཁང་གིས་ཟུང་དྲུང་ལ་འགྲུལ་བསྐྱོད་ཡིག་ཆ་དང་འབྲེལ་བའི་གནད་དོན་ཐོག་བཙོན་འཇུག་དང་དངུལ་ཆད་གཉིས་ཀ་བཀལ་བར་རེ་འདུན་ཞུས་ཡོད་ཀྱང་། ཁོང་གིས་ཁྲིམས་འགལ་གྱི་བྱ་བ་གང་ཡང་བསྒྲུབས་མེད་ཅེས་ནག་ཉེས་ཁས་ལེན་མ་བྱས་པ་མ་ཟད། ཁོང་གི་མཚན་རྟགས་རྫུན་མ་བེད་སྤྱོད་བྱས་པའི་སྐྱོན་འཛུགས་བྱས་ཡོད་པ་རེད་འདུག འོན་ཀྱང་འཇར་མ་ནིའི་གཞུང་ཚབ་ཁང་གིས་དྲི་བ་དྲིས་སྐབས་བོད་མི་ལྔ་པོ་དེས་འགྲུལ་བསྐྱོད་ཡིག་ཆ་ཐོབ་ཆེད་ཕྱི་སྲིད་ལས་ཁུངས་སུ་ཧིན་སྒོར་འབུམ་བཞི་དང་། གནམ་ཐང་ནས་ཕྱིར་ཐོན་སྐབས་དེ་མཚུངས་ཧིན་སྒོར་འབུམ་བཞི་སྤྲད་ཡོད་ཚུལ་བརྗོད་འདུག
རེས་གཟའ་ཟླ་བའི་ཉིན་བལ་ཡུལ་དབུས་ཉེན་རྟོག་ཞིབ་འཇུག་ལས་ཁུངས་ཀྱིས་སྐུ་ཞབས་ Pushpa Raj ལགས་ཁུལ་དེའི་ Tripureshwor གྲོང་གསེབ་ནང་རྟེན་གཞི་བྱས་པའི་རང་གི་ལས་ཁུངས་ནས་འཛིན་བཟུང་བྱས་རྗེས་ཁྲིམས་ཁང་དུ་རྩིས་སྤྲོད་བྱས་འདུག་པ་དང་། དེ་འབྲེལ་བལ་ཡུལ་དབུས་ཉེན་རྟོག་ཞིབ་འཇུག་ལས་ཁུངས་ཀྱིས་འགན་འཛིན་འཕར་མ་ Uma Chaturvedi ལགས་ཀྱིས། ཀ་ཐ་མན་ཌུ་རྫོང་ཁྲིམས་ཁང་གིས་འཛིན་བཟུང་བཀའ་རྒྱ་གཞིར་བཟུང་ཟུང་དྲུང་འཛིན་བཟུང་གནང་ཡིན་པ་གསལ་སྟོན་དང་། ད་ལྟ་ཁོང་ཀ་ཐ་མན་ཌུ་རྫོང་ཁྲིམས་ཁང་དུ་ཁྲིམས་ཐོག་ནས་ཁྲིམས་བཤེར་གནང་རྗེས་ཐག་གཅོད་གནང་རྒྱུ་ཡིན་པ་གསུངས་འདུག
གཞི་རྩའི་བལ་ཡུལ་ནང་བོད་མི་སྐྱབས་བཅོལ་བ་སྟོང་ཁྲག་ཁ་ཤས་གནས་སྡོད་གནང་བཞིན་ཡོད་པ་དང་། བལ་ཡུལ་གཞུང་ནས་དེ་སྔ་ ༡༩༨༩ གོང་འབྱོར་མཁན་བོད་མི་རྣམས་ལ་སྐྱབས་བཅོལ་བར་ངོས་འཛིན་དང་འབྲེལ་དང་ཡུལ་དེའི་ནང་སྐྱབས་བཅོལ་བའི་ངོ་བོའི་ཐོག་གནས་སྡོད་ཆོག་པའི་ལག་འཁྱེར་སྤྲོད་སྲོལ་ཡོད་ཀྱང་། ཕྱི་ལོ་ ༡༩༩༥ ལོའི་རྗེས་ནས་བཟུང་བོད་མི་རྣམས་ལ་དེ་འབྲེལ་ལག་འཁྱེར་སྤྲོད་རྒྱུ་མཚམས་འཇོག་དང་བསྟུན། བོད་མི་རྣམས་ལ་ཡུལ་དེའི་ནང་སློབ་གྲྭ་འགྲིམས་རྒྱུ་དང་ཚོང་ལས་རིགས་གཉེར་རྒྱུ། དེ་བཞིན་ཕྱི་བསྐྱོད་འགྲུལ་ཡིག་ཐོབ་རྒྱུ་སོགས་ཀྱི་ཐད་དཀའ་ངལ་མང་དག་འཕྲད་བཞིན་པ་མ་ཟད། བོད་མི་རྣམས་རྒྱལ་ཁབ་གཞན་དུ་གཞིས་སྤོས་ཀྱི་ལས་གཞི་བཀག་འགོག་མ་ཟད། དེ་སྔ་བལ་ཡུལ་གཞུང་དང་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལས་ཁུངས་དབར་བལ་ཡུལ་བརྒྱུད་བོད་ནས་བྲོས་བྱོལ་དུ་ཕེབས་མཁན་རྣམས་ལ་རྒྱ་གར་ལ་གཏོང་རྒྱུའི་ཁས་ལེན་ཡོད་ཀྱང་། ཉེ་བའི་ལོ་ཤས་ནས་བོད་མི་མི་ཉུང་བ་ཞིག་རྒྱ་ནག་ལ་ཕྱིར་སློག་བཏང་བའི་གནས་ཚུལ་ཡང་བྱུང་མྱོང་ཡོད་པ་རེད།




