Tibetan Royal Year of 2151 | Year of the Wood Dragon

མང་གཙོའི་རྒྱལ་ཁབ་འདྲ་མིན་གྱི་རྩ་ཁྲིམས་ཕྱོགས་བསྡུས་ཀྱི་དཔེ་དེབ་དབུ་འབྱེད།

Tibetan News Headlines

  • Rice planting with Tashi Tobgyal, Mainpat Tibetan Settlement’s Premier Farm Cultivator
  • Saga Dawa by Yangteng Rinpoche

རེས་གཟའ་ཉི་མ། ༢༠༢༤།༠༥།༡༢

  • མན་སྤར་ཕན་བདེ་གླིང་བོད་མིའི་གཞིས་ཆགས་ཀྱི་ཞིང་པ་བཀྲིས་སྟོབས་རྒྱལ་ལགས་དང་གླེང་མོལ།
  • ས་ག་ཟླ་བ་ངོ་སྤྲོད།

དེ་རིང་ཕྱི་དྲོ་ཕྱག་ཚོད་གསུམ་པའི་ཐོག་བཞུགས་སྒར་གྱི་ནོར་བུ་མགྲོན་ཁང་གི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་ཕྱོགས་བསྒྲིགས་གནང་བའི་དཔེ་དེབ་མང་གཙོའི་རྒྱལ་ཁབ་འདྲ་མིན་གྱི་རྩ་ཁྲིམས་ཕྱོགས་བསྡུས་ཞེས་པ་དེ་དབུ་འབྱེད་གནང་སོང་།དེ་རིང་གི་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོའི་སྟེང་དུ་སྐུ་མགྲོན་གྱི་གཙོ་བོར་མཁས་དབང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་གཙོ་བྱས་པའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཨརྱ་ཚེ་དབང་རྒྱལ་པོ་ལགས་དང་སྤྱི་འཐུས་ལས་ཐོག་ཁག་ཅིག དེ་བཞིན་བཞུགས་སྒར་ཁུལ་གྱི་ཚོགས་སྐྱིད་རྣམས་ཀྱི་སྐུ་ཚབ་སོགས་ཀྱི་མཚོན་པའི་མང་ཚོགས་ལྔ་བཅུ་ལྷག་ཅིག་འདུ་འཛོགས་གནང་སྟེ་ཚོགས་གཞོན་མཆོག་གི་དཔེ་དེབ་དེ་དབུ་འབྱེད་དང་ངོ་སྤྲོད་གནང་ཡོད།དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཐོག་མར་དཔེ་དེབ་དབུ་འབྱེད་དང་འབྲེལ་བའི་གཏམ་བཤད་སྤེལ་ཏེ། སྤྱི་ཡོངས་ཀྱི་ཆ་ནས་རྒྱལ་ཁབ་ཙམ་དུ་མ་ཟད་ཚོགས་པ་སྒྲིག་འཛུགས་ཚུན་ཆད་དུ་ཡང་ཞི་མཐུན་མཉམ་གནས་བྱེད་པར་ཁྲིམས་ཀྱི་དབང་བསྒྱུར་དེ་གལ་ཆེན་ཡིན་སྐོར་དང་འབྲེལ་ནས་ཁྲིམས་ལུགས་ཡོད་ཚད་ཀྱི་མ་དཔེ་ལྟ་བུ་དེ་རྒྱལ་ཁབ་ཀྱི་རྩ་་ཁྲིམས་ཆགས་ཀྱི་ཡོད་ལུགས་འགྲེལ་བརྗོད་ཀྱིས། ཐེངས་འདིར་ཚོགས་གཞོན་མཆོག་གིས་ཕྱོགས་བསྒྲིགས་གནང་བའི་ཕྱག་དེབ་འདིའི་ནང་དུ་རྒྱལ་ཁབ་འདྲ་མིན་ཉིས་བརྒྱ་ལྷག་གི་མང་གཙོ་དང་རྩ་ཁྲིམས་ཀྱི་སྐོར་ནས་ཞིབ་འབྲི་གནང་ཡོད་པ་དེ་ཀློག་བདེ་ཞིང་གོ་སླ་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད་ལུགས་ངོ་སྤྲོད་ཀྱིས་ཆབ་སྲིད་དང་གྲོས་ཚོགས་སོགས་ཀྱི་སྐོར་ལ་དོ་སྣང་ཡོད་མཁན་རྣམས་ཀྱིས་དཔེ་དེབ་དེར་གཟིགས་ན་དགེ་ཕན་ཆེན་པོ་ཡོད་ལུགས་ངོ་སྤྲོད་གནང་སོང་།དེ་བཞིན་ཚོགས་གཞོན་མཆོག་གིས་རྒྱབ་ཁབ་ཀྱི་ངོ་བོ་དང་མང་གཙོའི་བྱུང་བ། དེ་བཞིན་མང་གཙོའིརྒྱལ་ཁབ་ནང་གི་རྩ་ཁྲིམས་རང་བཞིན་སྣ་ཚོགས་སོགས་ཀྱི་ལེའུ་བཅོ་ལྔ་ཡི་བདག་ཉིད་དུ་གྱུར་བའི་དཔེ་དེབ་ཀྱི་ས་བཅད་རེ་རེ་རགས་བསྡུས་སུ་ངོ་སྤྲོད་གནང་བ་དང་སྦྲགས། སྤྱི་ཡོངས་ཀྱི་ཆ་ནས་དཔེ་དེབ་དུ་གཞུང་ལུགས་དང་དཔེ་མཚོན་གཉིས་མཉམ་སྦྱར་གྱིས་བྲིས་པ་ཞིག་ཡིན་ལུགས་དང་སྦྲགས། ཐེངས་འདིར་དཔེ་དེབ་པར་སྐྲུན་གྱི་འགྲོ་སོང་གི་མ་དངུལ་ཡོད་ཚད་ཁོང་གི་སློབ་ཕྲུག་རྣམས་ཀྱིས་སྦྱིན་བདག་གནང་བར་ཐུགས་རྗེ་ཆེ་ཞུས་སོང་།

མཐའ་མར་དེ་རིང་གི་དཔེ་དེབ་དབུ་འབྱེད་ཀྱི་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཚོགས་གཞོན་མཆོག་གིས་མང་ཚོགས་རང་གིས་གོ་བདེ་བའི་མང་གཙོའི་བྱུང་རབས་དང་རྩ་ཁྲིམས་འདྲ་མིན་གཤིབ་བསྡུར་གྱིས་དཔེ་དེབ་ཅིག་བྲིས་གནང་བར་བསྔགས་བརྗོད་གནང་བ་དང་སྦྲགས། དེང་གི་ཆ་འདིར་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་དབུ་འཛུགས་གནང་བ་དང་བསྟུན་ནས་བོད་པའི་སྤྱི་ཚོགས་ཀྱི་ནང་དུ་རྒྱ་ནག་གིས་ནང་དཀྲུག་བྱེད་འགོ་བཙུགས་ཡོད་པར་བརྟེན། མང་ཚོགས་ཀྱིས་ཐུགས་གཟབ་བྱེད་དགོས་གལ་ཡིན་པའི་རེ་སྐུལ་དང་ལྷན་དུ། བོད་མི་རྣམས་ཀྱིས་སྤྱི་ཚོགས་དྲ་ལམ་ནས་ནང་ཁུལ་གྱི་རྙོག་གླེང་རིགས་ཁོ་ན་ཁྱབ་སྤེལ་བྱེད་རྒྱུ་མཚམས་འཇོག་གིས། བོད་མིའི་རྩ་དོན་གྱི་སྒང་ལ་རྡོག་རྩ་གཅིག་སྒྲིལ་གྱིས་ནུས་ཤུགས་འདོན་རྒྱུ་གལ་ཆེན་ཡིན་པའི་འབོད་སྐུལ་གནང་སོང་། གཞི་རྩའི་ཐེངས་འདིའི་ཚོགས་གཞོན་མཆོག་གི་མང་གཙོའི་རྒྱལ་ཁབ་འདྲ་མིན་གྱི་རྩ་ཁྲིམས་ཕྱོགས་བསྡུས་ཀྱི་དཔེ་དེབ་འདིར་ཤོག་གྲངས་ ༨༨ དང་ས་བཅད་བཅོ་ལྔ་ཡིས་གྲུབ་ཡོད་པ་ཞིག་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།