བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨ་རིའི་ནང་དུ་གཞུང་འབྲེལ་ཕྱོགས་ཕེབས་ཁྲོད། ཨ་རིའི་རྒྱལ་ས་ Washington DC ཝ་ཤིང་ཊོན་ཌི་སི་ཁུལ་གྱི་བོད་མི་རྣམས་ལ་གསུང་བཤད་དང་དྲི་བ་དྲིས་ལན་གྱི་ལས་རིམ་ཐོག་སྲིད་སྐྱོང་མཆོག་གིས། རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་དེ་ཁྲིམས་འགལ་ཡིན་པ་དང་། དབུ་མའི་ལམ་གྱི་སྲིད་བྱུས་མུ་མཐུད་རྒྱུན་སྐྱོང་གནང་བཞིན་ཡོད་པ་སོགས་གསུངས་ཏེ། བོད་ཕྲུག་རྣམས་ལ་བོད་མི་རིགས་ཀྱི་འདུ་ཤེས་སྐྲུན་རྒྱུར་སོ་སོའི་ནང་ནས་འགོ་འཛུགས་བྱ་དགོས་པ་ནན་བརྗོད་གནང་འདུག

དེ་ཡང་སྐབས་དེར་སྲིད་སྐྱོང་མཆོག་གི་མང་ཚོགས་ལ་གསུང་བཤད་གྲུབ་མཚམས་དྲི་བ་དྲིས་ལན་གྱི་ལས་རིམ་ཁྲོད། མང་ཚོགས་ཁག་གཅིག་གིས་ཡོང་རྒྱུའི་ཕྱི་ཟླ་ ༧ ཚེས་ ༡ ཉིན་རྒྱ་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ལག་བསྟར་བྱ་རྒྱུ་ཡིན་པ་དང་འབྲེལ་ནས། བོད་པའི་སྤྱི་ཚོགས་ཁྲོད་ཁྲིམས་ཡིག་དེས་དེ་སྔོན་བོད་མིའི་སྒྲིག་འཛུགས་ནས་རྒྱ་ནག་ལ་སྟོན་པའི་བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་ཡིག་ཆའི་གཞི་རྩ་མེད་པ་བཟོས་སྐོར་བརྗོད་ཀྱི་ཡོད་པའི་ཐོག་ལ་དགོངས་བཞེས་གནང་ཕྱོགས་བཀའ་འདྲི་ཞུས་པར། སྲིད་སྐྱོང་མཆོག་གིས་འདི་ལོའི་ཕྱི་ཟླ་ ༣ པའི་རང་རེའི་གྲོས་ཚོགས་ནང་བཀའ་ཤག་གི་གྲོས་ཆོད་ཅིག་བསྣམས་ཡོད་པ་དེའི་ནང་། ཁྲིམས་ཡིག་དེ་ནི་བཟང་སྤྱོད་དང་འགལ་བ་མ་ཟད་ཁྲིམས་དང་འགལ་ཡོད་སྐོར་ཐེར་འདོན་གནང་ཡོད་པ་དང་། ད་ལྟའི་ཆར་རྒྱ་ནག་གི་ལག་བསྟར་བྱེད་བཞིན་པའི་རྩ་ཁྲིམས་དེ་ནི་ཕྱི་ལོ་ ༡༩༨༢ ལོར་གཏན་འབེབས་བྱས་པ་དེ་ཡིན་ཞིང་། ཁྲིམས་དེའི་ཆ་རྐྱེན་ཞིག་གི་འོག་ནས་ས་གནས་མི་རིགས་རང་སྐྱོང་གི་ཁྲིམས་ཞེས་པ་ཞིག་བཟོས་ཡོད་པ་དང་། ཁྲིམས་འདི་ད་ལྟའི་ཆར་རང་འཇག་གནས་ཡོད་པ། ལྷག་པར་མ་འོངས་པར་འབྲེལ་མོལ་སླར་གསོ་བྱུང་ཚེ་ཕྱི་ལོ་ ༢༠༠༨ ལོར་བསྟན་པའི་ཡིག་ཆར་གཞི་བཞག་བྱ་དགོས་མིན་ཐད་གཏན་འཇག་ཐབས་བྱུས་འཆར་འགོད་ཚོགས་ཆུང་དང་ལམ་སྟོན། གོ་བསྡུར་ཞུས་ཏེ་འགྲོ་ལུགས་གཞིར་བཟུང་ཐག་གཅོད་བྱེད་རྒྱུ་ཡིན་པ་གསུངས་འདུག

དེ་བཞིན་རྒྱ་ནག་དང་ལྷན་དུ་སྒོ་རྒྱབ་ཀྱི་འབྲེལ་བ་དེ་༸གོང་ས་མཆོག་གདན་འདྲེན་ཞུ་རྒྱུ་དང་ཡང་ན་བོད་མིའི་སྒྲིག་འཛུགས་དང་ཐད་ཀར་བཀའ་མོལ་གནང་གི་ཡོད་པའི་གནད་དོན་སྐོར་བཀའ་འདྲི་ཞུས་པར་སྲིད་སྐྱོང་མཆོག་གིས། སྒོ་རྒྱབ་ཀྱི་འབྲེལ་བ་མུ་མཐུད་ཡོད་པ་དང་། དེའི་སྐོར་ད་བར་ཞུས་དགོས་འོས་རིགས་རྣམས་ཞུས་ཟིན་པ་དང་། རྒྱ་ནག་ཕྱོགས་ནས་སྒོ་རྒྱབ་ཀྱི་འབྲེལ་བའང་ཡོད་ཅེས་བཤད་ཆོག་གི་མེད་སྐོར་བརྗོད་ཀྱི་ཡོད་ཅིང་། དེ་འབྲེལ་ཞིབ་ཕྲ་ད་ལྟའི་ཆར་ཞུ་རྒྱུའི་དུས་ཚོད་མིན་པར་དེས་ཕན་ལས་གནོད་ཆེ་བ་ཡོང་རྒྱུ་ཡིན་པར་བརྟེན། དེ་སྔོན་ཞུས་པ་བཞིན་ད་ལྟའི་ཆར་ཐུགས་ཕན་གསོས་པ་དེ་འདྲ་གང་ཡང་མེད་ཅེས་པ་དེས་༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུ་དང་བོད་རྒྱ་འབྲེལ་མོལ་ལ་ཐུགས་ཕན་གསོས་པ་མེད་ཅེས་པའི་གོ་དོན་ཡིན་པར། གང་ལྟར་འབྲེལ་བ་བཞག་དགོས་ཀྱི་ཡོད་པར་༸སྐུ་མདུན་གྱི་ལམ་སྟོན་གཞིར་བཟུང་བརྟན་པོ་དང་ལྷིང་པོའི་ཐོག་འགྲོ་བཞིན་ཡོད་པ་ནན་བརྗོད་གནང་འདུག
ད་དུང་མང་ཚོགས་ཁྲོད་ཕྱི་རྒྱལ་ནང་དུ་གནས་འཁོད་བོད་མི་མང་པོ་ཡོད་ཅིང་། བོད་མིའི་སྒྲིག་འཛུགས་ལ་ཨ་རི་ནས་ཐོབ་པའི་རོགས་དངུལ་ཁག་གཅིག་ཨ་རིས་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་མི་ཐོག་རོགས་རམ་གནང་དགོས་པའི་གནད་དོན་ཐད་ཞུས་པར་སྲིད་སྐྱོང་མཆོག་གིས། ཨ་རི་གཞུང་གིས་རོགས་དངུལ་གནང་བའི་སྐབས་ཡིག་ཆར་ཚིག་གཞི་ཇི་འཁོད་ལྟར་འགྲོ་དགོས་ཀྱི་ཡོད་སྟབས། དེ་སྔོན་ཨ་རིའི་གྲོས་ཚོགས་ཀྱི་བཀའ་འཁྲོལ་ཡོད་པའི་ཚིག་གཞིའི་ནང་ལྷོ་ཨེ་ཤི་ཡ་ཞེས་གསལ་ཡོད་པར་ད་ལྟའི་ཕྱི་ལོ་ ༢༠༢༦ ལོའི་བཀའ་འཁྲོལ་ཚིག་གཞི་གསར་པ་ཡོད་པ་དང་། དེར་གཞིར་བཞག་སྟེ་རྒྱ་གར་དང་བལ་ཡུལ་ཙམ་མིན་པར་ས་ཁུལ་གཞན་ལ་ཁྱབ་ཐུབ་ཐབས་དང་། ཨ་རིའི་གྲོས་ཚོགས་ཀྱི་དགོངས་པ་ཡོད་པ་གཞིར་བཟུང་འཛིན་སྐྱོང་ནས་ལག་བསྟར་བྱས་ཚེ། ལམ་ཁ་མང་བ་སྒོ་ཕྱེ་ཡི་ཡོད་པ་དང་ཆབས་ཅིག རོགས་དངུལ་བེད་སྤྱོད་གཏོང་ཕྱོགས་ཐད་ཚིག་གཞི་གཞིར་བཟུང་འགྲོ་དགོས་པ་གསལ་བཤད་གནང་འདུག
མ་ཟད་དབུ་མའི་ལམ་གྱི་སྲིད་བྱུས་ལས་གཞན་པའི་ཐོག་ནས་བོད་མིའི་འཐབ་རྩོད་གནང་བའི་དུས་ལ་སླེབས་མེད་དམ་ཞེས་བཀའ་འདྲི་ཞུས་པར་སྲིད་སྐྱོང་མཆོག་གིས། ད་ལྟའི་ཐབས་ལམ་དེ་ལས་ཡག་བ་དང་། མྱུར་བ། སྒྲུབ་ཐུབ་རྒྱུ་ཡོད་པ་ཞིག་ཡོད་ཚེ་ཡིན་དང་ཡིན་ཞེས་བསམ་བློ་གཏང་ཆོག་གི་ཡོད་པ་དང་གོ་བསྡུར་བྱེད་ཆོག་གི་ཡོད་ཅིང་། ད་ལྟའི་དབུ་མའི་ལམ་གྱི་སྲིད་བྱུས་དེ་ནི་རྒྱལ་སྤྱིའི་གནས་སྟངས་དང་རྒྱ་ནག་གི་གནས་སྟངས། ལྷག་པར་བོད་ནང་གི་གནས་སྟངས་ལ་གཞིགས་ནས་བཀའ་ཤག་གི་ཐབས་བྱུས་འཛིན་བཞིན་ཡོད་ཅེས་གསུངས་འདུག
ཨ་རིས་བོད་མིའི་སྒྲིག་འཛུགས་ལ་བོད་གཞུང་ཞེས་ངོས་འཛིན་བྱ་རྒྱུའི་ཁྲིམས་འཆར་ལྟར་རྒྱ་གར་གཞུང་ནས་བོད་གཞུང་ངོས་འཛིན་གནང་ཐབས་ཀྱི་གནད་དོན་དང་འབྲེལ་ནས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ས་ཐོག་ཏུ་ཞབས་སོར་འཁོད་རྗེས། སྐབས་དེར་ང་དང་ངའི་བཀའ་ཤག་ག་བ་ཡོད་ན་བོད་གཞུང་དེར་ཡོད་ཅེས་བཀའ་སྩལ་ཡོད་པ་དང་། དེའི་རྗེས་རྒྱ་གར་གཞུང་ནས་བོད་གཞུང་ངོས་ལེན་བྱེད་ཐུབ་ཀྱི་མ་རེད་ཅེས་བརྗོད་ཡོད་པར་ད་ལྟའི་བཀའ་ཤག་གི་ངོས་ནས་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་སྐྱོང་བའི་ཐོག་ལོ་རྒྱུས་ཀྱི་གནས་བབ་སྐོར་ཤུགས་གནོན་འཕར་མ་སྐྱོན་བཞིན་ཡོད་པ་མ་ཟད། རྒྱལ་ཁབ་ཇི་འདྲ་ཞིག་ཡིན་རུང་སོ་སོའི་མངོན་འདོད་སྔོན་ལ་བཞག་གི་ཡོད་པ་དང་། རྒྱ་གར་དང་བོད་ཀྱི་མངོན་འདོད་མཐུན་པའི་ཐོག་གནས་སྟངས་མང་པོ་ཞིག་ལ་གཞིགས་ཏེ་མདུན་བསྐྱོད་བྱེད་དགོས་ཀྱི་ཡོད་པ་སོགས་གསུངས་འདུག
རྩ་བའི་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཐོག་གནས་ཚུལ་སྤེལ་བའི་ནང་། སྲིད་སྐྱོང་མཆོག་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་ནང་དུ་གཞུང་འབྲེལ་གྱི་ཕྱོགས་ཕེབས་གནང་དོན་གཙོ་བོ་ནི། བོད་དང་འབྲེལ་བའི་ཨ་རིའི་ཁྲིམས་དེ་དག་ལག་བསྟར་གནང་ཕྱོགས་དང་། རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་གསར་གཏན་འབེབས་བོད་མི་དང་རྒྱ་ནག་གི་མངའ་ཁོངས་ཡོད་པའི་མི་རིགས་དེ་དག་རྒྱ་སྒྱུར་བྱ་ཐབས་ཀྱི་སྲིད་བྱུས་ཁྲིམས་ཐོག་ནས་གཏན་འབེབས་བྱས་ཏེ། ཆབ་སྲིད་ཀྱི་འགྱུར་ལྡོག་གསར་པ་ཁག་གི་སྐོར་བཀའ་བསྡུར་གནང་ཆེད་ཡིན་བཀོད་འདུག

གནད་དོན་དེ་དང་འབྲེལ་ནས་ཝ་ཤིང་ཊོན་ཌི་སི་ནང་དུ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ Riley Barnes རའི་ལི་སྦཱན་སི་ལགས་དང་། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་འབྲེལ་ཡོད་ལས་བྱེད་རྣམས་དང་མཇལ་འཕྲད་གནང་ཡོད་པ་མ་ཟད། བོད་དོན་དང་འབྲེལ་བའི་ཨ་རིའི་གྲོས་ཚོགས་ཀྱི་སྔོན་རྩིས་རྒྱས་བཅད་ཚོགས་ཆུང་དང་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ Appropriations and foreign relations committee related to Tibet matters གི་འབྲེལ་ཡོད་ལས་བྱེད་དང་མཇལ་འཕྲད་བགྲོ་གླེང་གནང་འདུག དེ་བཞིན་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚན་པའི་ལས་བྱེད་དང་མཇལ་འཕྲད་གནང་འདུག

གཞི་རྩའི་འདི་ཚེས་ ༢༠ ཉིན་སྲིད་སྐྱོང་མཆོག་ཝ་ཤིང་ཊོན་ཌི་སི་ཁུལ་དུ་མཛད་འཆར་གྲུབ་མཚམས། ས་གནས་ནིའུ་ཡོག་ཏུ་ཕེབས་ནས་ནིའུ་ཡོག་ནིའུ་ཇར་སི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་ནང་མི་མང་ཚོགས་ལ་༸རྒྱལ་བའི་སྐུའི་འཕྲད་བཞེས་དང་བོད་མི་ནང་ཁུལ་མཐུན་སྒྲིལ་དང་ནུས་པ་མཉམ་སྤུང་བྱ་དགོས་གལ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དབུ་མའི་ལམ་གྱི་དགོངས་དོན། བཀའ་ཤག་སྐབས་ ༡༦ དང་ ༡༧ པའི་ལས་དོན་བྱེད་ཕྱོགས་སོགས་དང་འབྲེལ་ནས་གསུང་བཤད་དང་དྲི་བ་དྲིས་ལན་བཅས་ཀྱི་ལས་རིམ་བསྐྱངས་ཡོད་པ་མ་ཟད། ཚེས་ ༢༡ ཉིན་ཟླ་སྣང་བོད་ཀྱི་རིག་གཞུང་སློབ་གྲྭ་དབུ་བརྙེས་ནས་ལོ་ལྔ་འཁོར་བའི་དུས་སྟོན་དང་འབྲེལ། ༸རྒྱལ་བའི་གོ་སྟོན་སྲུང་བརྩི་ཞུས་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སཱི་ཤེས་ཡོན་གྱི་གལ་གནད་སྐོར་དང་། རྒྱ་ནག་གཞུང་གི་བོད་ནང་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་འོག་བོད་ཀྱི་སྐད་དང་ཡི་གེ་གཙོ་བོར་གྱུར་བའི་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ངན་པ་ལག་བསྟར་བྱེད་བཞིན་པའི་ཛ་དྲག་གི་གནས་བབ་ཤེས་པའི་ཐོག་ནས། བོད་པའི་གཞོན་སྐྱེས་རྣམས་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་སྔར་ལྷག་དོ་སྣང་གིས་མི་ཉམས་རྒྱུད་འཛིན་བྱ་དགོས་པ་ནན་བརྗོད་གནང་འདུག

མཛད་རིམ་ལྟར་ན་སྲིད་སྐྱོང་མཆོག་ཁ་སང་ཚེས་ ༢༢ ཉིན་རྒྱ་གར་དུ་ཕེབས་ཐོན་གནང་ཡོད་པ་དང་། སང་ཉིན་ཚེས་ ༢༤ ནས་ཚེས་ ༢༧ བར་རྒྱལ་ས་ལྡི་ལི་ཁུལ་དུ་གཞུང་འབྲེལ་མཛད་འཆར་ཁག་གཅིག་ཡོད་པ་རེད་འདུག




