རྒྱ་གར་གྱི་ Maharashtra མངའ་སྡེའི་རྒྱལ་ས་ Mumbai རུ་ཐེ་ཝན་གྱི་དཔལ་འབྱོར་དང་རིག་གཞུང་ལྟེ་གནས་ཀྱི་ལས་ཁུངས་གསར་པ་ཆེད་བཙུགས་བྱས་པར་རྒྱ་ནག་གིས་སྐྱོན་བརྗོད་ཤུགས་ཆེ་དང་འབྲེལ། རྒྱ་གར་ངོས་ནས་ཐའེ་ཝན་གྱི་གནད་དན་ཐད་གཟབ་ནན་དང་། རྒྱ་དཀར་ནག་གཉིས་དབར་གྱི་འབྲེལ་ལམ་ལ་དོ་ཕོག་འགྲོ་བའི་བྱ་སྤྱོད་རིགས་གཡོལ་ཐབས་དགོས་པའི་ཉེན་བརྡ་བཏང་འདུག

དེའང་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ནང་གསལ་ལྟར་ན། ཐེ་ཝན་གྱི་དཔལ་འབྱོར་དང་རིག་གཞུང་ལྟེ་གནས་ཁང་གིས་གཟའ་འཁོར་འདིའི་རེས་གཟའ་ལྷག་པ་ཉིན་མུམ་བྷེ་རུ་ལས་ཁུངས་གསར་པ་ཞིག་ཆེད་བཙུགས་བྱས་པ་དང་། དེ་ནི་རྒྱ་གར་དུ་ཡོད་པའི་དེའི་ལས་ཁུངས་གསུམ་པ་དེ་ཆགས་ཀྱི་ཡོད་པ་རེད།
དེ་འབྲེལ་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Mao Ning གིས་ཁ་སང་པེ་ཅིང་དུ་ཚོགས་པའི་གསར་འགོད་ལྷན་ཚོགས་ཞིག་གི་ཐོག འཛམ་གླིང་འདིར་རྒྱ་ནག་གཅིག་ལས་མེད་ལ། ཐེ་ཝན་ནི་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་སྐོར་བརྗོད་པ་མ་ཟད། རྒྱ་ནག་ངོས་ནས་ཡུལ་དེ་ཉིད་དང་གཞུང་འབྲེལ་འབྲེལ་བ་ཡོད་པའི་རྒྱལ་ཁབ་ཁག་དང་ཐེ་ཝན་དབར་གྱི་འབྲེལ་འདྲིས་ཀྱི་རྣམ་པ་ཡོངས་ལ་ངོ་རྒོལ་མཐའ་གཅིག་ཏུ་ཡོད་པ་དང་། དེའི་ཁྲོད་དུ་ཕན་ཚུན་དོན་གཅོད་ལས་ཁུངས་འཛུགས་པའང་ཚུད་ཡོད་ཅེས་བརྗོད་འདུག

ཁོ་མོས་ད་དུང་རྒྱ་ནག་ངོས་ནས་ད་རེས་རྒྱ་གར་གཞུང་ལ་གནད་དོན་དེའི་ཐོག་བསམ་ཚུལ་ནན་པོ་བཏོན་ཡོད་སྐོར་བརྗོད་པ་དང་ཆབས་གཅིག རྒྱ་ནག་གཅིག་གི་རྩ་དོན་ནི་རྒྱ་གར་གྱི་ཆབ་སྲིད་ཀྱི་ཁས་ལེན་གལ་ཆེན་ཞིག་ཡིན་པ་དང་། དེ་ནི་རྒྱ་དཀར་ནག་གི་འབྲེལ་ལམ་ཁྲོད་ཆབ་སྲིད་ཀྱི་རྨང་གཞི་དེ་ཡིན་པ་བརྗོད་འདུག
མ་ཟད་རྒྱ་ནག་ངོས་ནས་རྒྱ་གར་ཕྱོགས་ལ་རང་གི་ཁས་ལེན་རྣམས་ནན་པོས་རྩིས་སྲུང་བྱེད་དགོས་པ་དང་། ཐེ་ཝན་དང་འབྲེལ་བའི་གནད་དོན་རྣམས་གཟབ་ནན་དང་འོས་འཚམས་ངང་ཐག་གཅོད་བྱེད་དགོས་པ། ཐེ་ཝན་དང་གཞུང་འབྲེལ་འབྲེལ་བ་གང་ཡང་བྱེད་རྒྱུ་མེད་པ། དེ་བཞིན་རྒྱ་དཀར་ནག་གི་འབྲེལ་བ་ཡར་རྒྱས་གཏོང་བའི་བརྒྱུད་རིམ་ལ་དོ་ཕོག་གཏོང་རྒྱུ་མེད་པ་བཅས་ཀྱི་རེ་འདུན་བཏོན་ཡོད་ཅེས་ཁོ་མོས་བརྗོད་འདུག

གཞི་རྩའི་རྒྱ་ནག་ངོས་ནས་ཐའེ་ཝན་སྲིད་འཛིན་གྱི་རྒྱལ་སྟོན་ཉིན་མོའི་གཏམ་བཤད་ཁྲོད་ཁ་བྲལ་གྱི་གཏམ་བཤད་བྱས་པར་བརྙས་ཏེ་རེས་གཟའ་ཟླ་བའི་ཉིན་ཐེ་ཝན་གྱི་མཐའ་སྐོར་དུ་དམག་སྦྱོང་ཆེན་པོ་ཞིག་སྤེལ་ཡོད་པ་མ་ཟད། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ Fujian ཞིང་ཆེན་གྱི་ Dongshan ཞེས་དེ་སྔ་ཐེ་ཝན་དམག་དཔུང་གི་ཕམ་ཉེས་ཆེན་པོ་བྱུང་བའི་ས་གནས་སུ་སྐོར་སྐྱོད་རྗེས། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་རྒྱ་ནག་ངོས་ནས་ཐའེ་ཝན་དེ་ཉིད་ཞི་བའི་སྒོ་ནས་རྒྱ་ནག་མེས་རྒྱལ་དང་གཅིག་སྒྲིལ་བྱ་རྒྱུའི་ཆོད་སེམས་བརྟན་པོ་དང་དེ་འབྲེལ་ཡོང་ཐབས་སླད་འབད་བརྩོན་ཤུགས་ཆེ་བྱ་རྒྱུའི་འདུན་པའང་ཡོད་ཀྱང་། ང་ཚོས་དྲག་ཤུགས་བེད་སྤྱོད་གཏོང་རྒྱུ་སྤོང་བའི་ཁས་ལེན་ནམ་ཡང་བྱེད་ཀྱི་མིན་ཞེས་བརྗོད་འདུག
མ་ཟད་ཐའེ་ཝན་གྱི་རྒྱལ་སྲུང་ལས་ཁུངས་ཀྱིས་འགྲེལ་བརྗོད་བྱས་པ་ལྟར་ན། དེ་རིང་རེས་གཟའ་པ་སངས་ཉིན་ས་གནས་ཀྱི་ཞོགས་པའི་ཆུ་ཚོད་ ༦ པར་རྒྱ་ནག་གིས་དམག་གི་གནམ་གྲུ་ ༡༩ དང་དམག་གྲུ་ ༦ ཐའེ་ཝན་མངའ་ཁུལ་གྱི་མཐའ་འཁོར་དུ་བཏང་ཡོད་པ་དང་། དེའི་ཁོངས་ནས་རྒྱ་ནག་བཅིངས་འགྲོལ་དམག་གི་གནམ་གྲུ་ ༡༩ དེ་དག་ཁྲོད་ ༡༥ ཡིས་ཐེ་ཝན་མཚོ་འགག་གི་དབུས་ཐིག་བརྒལ་ཏེ་ཐེ་ཝན་གྱི་བྱང་ཕྱོགས་དང་། དབུས་ཕྱོགས། ལྷོ་ནུབ་ཕྱོགས་བཅས་ཀྱི་མཁའ་དབྱིངས་ངོས་འཛིན་སྲུང་སྐྱོབ་ས་ཁུལ་དུ་འཛུལ་ཡོད་པ་རེད་འདུག
རྒྱ་ནག་གི་བཙན་འཛུལ་ལ་ཡ་ལན་དུ། ཐེ་ཝན་ངོས་ནས་ཀྱང་གནམ་གྲུ་དང་དམག་གྲུ་མངགས་གཏོང་བྱས་པ་མ་ཟད་པེ་ཅིང་གི་བྱ་སྤྱོད་ལ་ལྟ་རྟོག་སླད་མཚོ་འགྲམ་གྱི་འཕུར་མདའ་མ་ལག་ཀྱང་བཀོད་སྒྲིག་བྱས་འདུག




