ཁ་སང་ཕྱི་ཚེས་ ༡༧ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་དུ་སྲིད་བློན་མོ་དྷི་མཆོག་དབུ་བཞུགས་ཐོག་གནས་བརྟན་སྡེ་པའི་ལུགས་ཀྱི་ལྷ་བབས་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་པའི་ཐོག ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་ལ་ཉེ་ཆར་པཱ་ལིའི་སྐད་ཡིག་དེ་བཞིན་རྒྱ་གར་གནའ་བོའི་རིག་གཞུང་ཁོངས་སུ་བཅུག་པའི་ཡོངས་ཁྱབ་གསལ་བསྒྲགས་གནང་བར་ཐུགས་རྗེ་ཆེ་ཞུ་མཛད་འདུག

དེ་ཡང་ཡོངས་གྲགས་སུ་གནས་བརྟན་སྡེ་པའི་ལུགས་ཀྱི་སྟོན་པ་ཤཱཀྱ་ཐུབ་པ་ལྷ་ཡུལ་དུ་མ་ཡུམ་ལ་ཆོས་བསྟན་ནས་ཕྱིར་འཛམ་བུ་གླིང་དུ་བྱོན་པའི་ Abhidhamma Divas ཞེས་ལྷ་བབས་དུས་ཆེན་གྱི་ཉིན་མོ་ཁྱད་པར་ཅན་དང་བསྟུན་ནས། རྒྱ་གར་དབུས་གཞུང་རིག་གཞུང་ལྷན་ཁང་དང་། རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཁ་སང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་སྲིད་བློན་ན་རན་དྷ་མོ་དྷི་མཆོག་དབུ་བཞུགས་ཀྱིས་ཉིན་མོ་དེ་སྲུང་བརྩི་ཞུས་ཡོད་པའི་ཐོག ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་མཆོག་སྤྲུལ་རིན་པོ་ཆེ་མཆོག དེ་བཞིན་མོན་རྟ་ཝང་ནས་ Padma Shri གུ་རུ་སྤྲུལ་སྐུ་རིན་པོ་ཆེ་མཆོག་བཅས་ཀྱི་དབུས་པའི་ནང་པའི་བླ་སྤྲུལ་མང་དག་ཞིག་ལྷན་བཞུགས་གནང་འདུག

༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གི་གསོལ་དཔོན་ཚེ་བརྟན་མཁྱེན་བརྩེ་ལགས་ཀྱིས་འགྲེལ་བརྗོད་གནང་དོན་ལྟར་ན། མཛད་སྒོའི་ཐོག་སྲིད་བློན་མོ་རྡི་མཆོག་གིས་མཆོག་སྤྲུལ་རིན་པོ་ཆེ་མཆོག་གི་དབུས་པའི་ནང་པའི་བླ་སྤྲུལ་ཁག་གཅིག་ལ་ན་བཟའ་འབུལ་བཞེས་མཛད་ཡོད་ཅིང་། སྐབས་དེར་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་སྲིད་བློན་མཆོག་ལ་ཉེ་བའི་ཆར་པཱ་ལིའི་སྐད་ཡིག་དེ་བཞིན་རྒྱ་གར་གནའ་བོའི་རིག་གཞུང་ཁོངས་སུ་བཅུག་པའི་ཡོངས་ཁྱབ་གསལ་བསྒྲགས་གནང་བར་ཐུགས་རྗེ་ཆེ་ཞུ་མཛད་འདུག

སྤྱིར་ཁ་སའི་མཛད་སྒོ་དེའི་ཐོག་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་གིས་ཁོང་འཁྲུངས་ཡུལ་ Gujarat མངའ་སྡེའི་ Vadnagar ཞེས་སྔོན་ཆད་གྲོང་ཁྱེར་དེ་ནང་པའི་ཆོས་ལུགས་ཀྱི་ལྟེ་གནས་གལ་ཆེན་ཞིག་ཡིན་པས་རྒྱུ་མཚན་གྱིས་སྲིད་བློན་མཆོག་སྐྱེས་པ་ནས་བཟུང་སྟེ་ནང་པའི་ཆོས་བརྒྱུད་དང་འབྲེལ་བ་ཆགས་པ་དེ་ནི་རང་ཉིད་ཀྱི་བསོད་ནམས་ཡིན་པའི་འགྲེལ་བརྗོད་ཀྱིས། ཁོང་ནས་པཱ་ལིའི་སྐད་ཡིག་དེ་གནའ་བོའི་སྐད་ཡིག་ཅིག་ཡིན་པའི་ངོས་འཛིན་སྐོར་དང་འབྲེལ། སྐད་ཡིག་ནི་དཔལ་ཡོན་དང་རིག་གཞུང་གི་རྩ་བའི་སྙིང་པོ་དེ་མཚོན་གྱི་ཡོད་པས། པཱ་ལིའི་སྐད་ཡིག་གསོན་པོར་གནས་པ་དང་སངས་རྒྱས་ཀྱི་གསུང་གི་ཐོག་མའི་རིན་ཐང་རྣམས་སྲུང་སྐྱོབ་བྱ་རྒྱུ་ནི་ཐུན་མོང་གི་འགན་འཁྲི་ཞིག་སྟེ། ཁོང་གི་སྲིད་གཞུང་ནས་ཁེངས་སྐྱུང་ཆེན་པོས་འགན་འཁྲི་དེ་ཁུར་བར་དགའ་པོ་བྱུང་ཞེས་དང་། པཱ་ལིའི་སྐད་ཡིག་དེ་བཞིན་རྒྱ་གར་གནའ་བོའི་རིག་གཞུང་ཁོངས་སུ་ཚུད་ཐུབ་པའི་ཐག་གཅོད་དེ་ལ་རྟེན་འབྲེལ་ཞུ་རྒྱུ་ཡིན་ཅེས་བརྗོད་འདུག

ད་དུང་སྲིད་བློན་མཆོག་གིས། རྩྭ་མཆོག་གྲོང་གི་རྒྱལ་སྤྱིའི་གནམ་ཐང་དང་། ལུམ་བི་ནིའི་རྒྱ་གར་རྒྱལ་སྤྱིའི་ནང་པའི་རིག་གཞུང་ལྟེ་གནས། དེ་བཞིན་རྡོ་རྗེ་གདན་དང་། སེངྒེ་ལྷ་ཁང་། སན་ཅི་བཅས་རྒྱ་གར་དང་བལ་ཡུལ་གྱི་ནང་པའི་གནས་ཆེན་ཁག་ Buddhist Circuit ཞེས་ནང་བསྟན་གནས་སྐོར་བསྐྱོད་ལམ་སྟབས་བདེ་ཞིག་ཏུ་སྒྱུར་བཞིན་ཡོད་ཚུལ་གསུངས་འདུག་པ་མ་ཟད། ཁོང་གིས་ད་དུང་ཡོང་རྒྱུའི་ཝ་ར་ཎ་སིར་ཉིན་གསུམ་གྱི་གཟིགས་སྐོར་སྐབས་ Sarnath དུ་འཛུགས་སྐྲུན་གྱི་ལས་གཞི་གསར་པ་ཁག་དབུ་འབྱེད་གནང་རྒྱུ་ཡིན་པའི་སྐོར་ཡང་གསུངས་པ་དང་འབྲེལ། འདས་པའི་ལོ་བཅུ་ཕྲག་གཅིག་གི་རིང་ལ་གནའ་རྫས་ ༦༠༠ ལྷག་ཙམ་ཕྱི་རྒྱལ་ནས་རྒྱ་གར་ལ་ཕྱིར་སློག་བྱས་ཡོད་པ། དེ་དག་ལས་མང་པོ་ཞིག་ནང་ཆོས་དང་འབྲེལ་བ་ཡོད་པས། རྒྱ་གར་གཞུང་ངོས་ནས་རྒྱལ་ཁབ་ཀྱི་རིག་གཞུང་དང་ཤུལ་བཞག་རིག་གཞུང་སྲུང་སྐྱོབ་བྱེད་པར་ཆོད་སེམས་བརྟན་པོ་ཞིག་བཟུང་ཡོད་པར་ནན་ཏན་གྱིས། སངས་རྒྱས་ཀྱི་མཛད་རྗེས་བསྐྱར་གསོ་བརྒྱུད་རྒྱ་གར་རང་གི་རིག་གཞུང་དང་ཤེས་རིག་གི་དཔལ་ཡོན་དེ་ངོམ་བཞིན་ཡོད་ཅེས་ནན་ཏན་དུ་གསུངས་འདུག





