ཉེ་ལམ་ཕྱི་ཟླ་ ༡༡ པའི་ཚེས་ ༢༦ ནས་ ༢༨ བར་ཉིན་གྲངས་གསུམ་རིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲངས་ཉུང་མི་རིགས་ཀྱི་གནད་དོན་ཐོག་གི་གླེང་སྟེགས་ཐེངས་ ༡༨ པའི་ཐོག བོད་མིའི་སྐུ་ཚབ་ནས་བོད་མི་རྣམས་གྲངས་ཉུང་མི་རིགས་ལ་བསྒྱུར་བ་མ་གཏོགས་གྲངས་ཉུང་མི་རིགས་མིན་པའི་སྐོར་ནན་བཤད་དང་འབྲེལ། རྒྱ་གཞུང་གིས་བོད་མིའི་ཐོག་བཙན་དབང་གིས་ལག་བསྟར་བྱེད་བཞིན་པའི་བཅའ་སྡོད་སློབ་གྲྭའི་སྲིད་བྱུས་དེ་དག་འཕྲལ་དུ་མཚམས་འཇོག་དགོས་པའི་ཞུ་འབོད་གནང་འདུག

དེ་ཡང་ཉེ་ལམ་སུད་སིའི་ Geneva གྲོང་ཁྱེར་དུ་རྒྱ་ནག་གཙོས་རྒྱལ་ཁབ་ ༢༦ གི་ཕྱི་འབྲེལ་མི་སྣ་དང་དམིགས་བསལ་སྐུ་ཚབ་ཆེད་ཕེབས་ཐོག་རྒྱལ་ཚོགས་ཀྱི་གྲངས་ཉུང་མི་རིགས་ཀྱི་གནད་དོན་ཐད་ཀྱི་གླེང་སྟེགས་ཐེངས་ ༡༨ པ་དེ་འཚོགས་ཡོད་པ་ལྟར། སྐབས་དེར་བོད་དོན་ལས་འགུལ་ལྟེ་གནས་ཁང་གི་ཉམས་ཞིབ་པ་འབུམ་རམས་པ་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་གླེང་སྟེགས་དེར་མཉམ་ཞུགས་དང་འབྲེལ། རྒྱ་ནག་གིས་འདི་ལྟ་བུ་སྡིངས་ཆ་བདེ་སྤྱོད་བྱས་ཏེ་བོད་གཙོས་པའི་རྒྱ་ནག་དམར་ཤོག་ཚོགས་པའི་དབང་སྒྱུར་འོག་ཡོད་པའི་མི་རིགས་རྣམས་གྲངས་ཉུང་མི་རིགས་ཞེས་མིང་གྲགས་བྱེད་བཞིན་ཡོད་ཀྱང་། མི་རིགས་དེ་དག་ནི་རྒྱ་ནག་གིས་ཆེད་དུ་གྲངས་ཉུང་བསྒྱུར་བ་མ་གཏོགས་གྲངས་ཉུང་མི་རིགས་ཞིག་གཏན་ནས་མིན་པ་དང་། དེ་དག་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་རང་བཞིན་ཡོད་སྐོར་ནན་བཤད་གནང་འདུག
སྤྱིར་ཐེངས་འདིའི་ཚོགས་འདུའི་བརྗོད་གཞི་གཙོ་བོ་ནི་གྲངས་ཉུང་མི་རིགས་ཀྱིས་སྣ་མང་དང་། བརྟན་ལྷིང་། ཞི་བདེ་བཅས་ཀྱི་སྤྱི་ཚོགས་ལ་ཕུལ་བའི་ལེགས་སྐྱེས་ཞེས་པ་དེ་ཡིན་པ་དང་། བསྟན་འཛིན་རྡོ་རྗེ་ལགས་ཀྱིས་རང་ཉིད་ཀྱི་གཏམ་བཤད་ནང་། ཁོང་རང་ཉིད་ཆུང་བྱིས་པའི་དུས་ནས་ད་བར་བཙན་བྱོལ་གྱི་མི་ཚེའི་ཁྲོད་གྲངས་ཉུང་མི་རིགས་ཀྱི་ཆ་ཤས་ཤིག་ཡིན་པས་དེ་རིང་ཚོགས་འདུ་དེར་མཉམ་ཞུགས་བྱས་ཐུབ་པར་དགའ་པོ་བྱུང་ཡོད་སྐོར་འགྲེལ་བརྗོད་གནང་ཐོག གྲངས་ཉུང་མི་རིགས་རྣམས་ནི་རྒྱལ་ཁབ་གང་རུང་གི་ཐོན་ཁུངས་ལ་དོ་ཕོག་དང་སྤྱི་ཚོགས་ཀྱི་བརྟན་ལྷིང་ལ་ཉེན་ཁ་བཟོ་མཁན་ཞིག་མིན་པར། དེ་ལས་ལྡོག་ཏེ་སྤྱི་ཚོགས་དང་འགྲོ་བ་མིའི་རིགས་ལ་ཕན་པ་ཧ་ཅང་བསྒྲུབ་མཁན་ཞིག་ཡིན་པ་གསལ་སྟོན་གནང་འདུག

མ་ཟད་ཁོང་གིས་རྒྱ་གཞུང་གིས་ཕྱི་ལོ་ ༢༠༡༢ ལོ་ནས་བཟུང་བོད་མི་དང་། ཡུ་གུར། སོག་པོ་བཅས་ཀྱི་མི་རིགས་རྣམས་རྒྱ་ནག་གི་ཧན་མི་རིགས་ཀྱི་རིགས་སུ་བཙན་བསྒྱུར་བྱེད་པའི་སྲིད་བྱུས་མང་པོ་ལག་བསྟར་བྱས་ཡོད་པ་ཐེར་འདོན་གྱིས། གྲངས་ཉུང་མི་རིགས་ལ་མནར་གཅོད་ཆེས་མང་བ་བྱེད་སའི་ས་ཆ་གཅིག་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཡིན་པ་དང་། ཤར་ཏུར་ཀིས་ཐན་ལྟ་བུར་ཆ་མཚོན་ནའང་མི་ས་ཡ་གཅིག་ལྷག་བཀག་ཉར་གྱིས་ངལ་རྩོལ་དང་། དེ་བཞིན་ནང་སོག་ནང་དུའང་རྒྱ་གཞུང་གིས་སློབ་གྲྭ་དང་། དོན་དངོས་ཀྱི་འཚོ་བ་གཉིས་ཀར་སོག་པོའི་སྐད་ཡིག་བེད་སྤྱོད་བྱེད་རྒྱུ་བཀག་འགོག་བྱས་ཡོད་པ་འགྲེལ་བརྗོད་ཀྱིས། རིག་གཞུང་དང་སྐད་ཡིག་མེད་པར་བཟོ་བའི་སྲིད་བྱུས་འདིའི་རྐྱེན་པས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་གི་སོག་པོ་བརྒྱ་ཆ་ ༣༠ ཙམ་གྱིས་རང་གི་སྐད་ཡིག་མ་ཤེས་པར་གྱུར་ཡོད་སྐོར་གསུངས་འདུག
ལྷག་པར་དུ་ཁོང་གིས་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཟེར་བ་དང་། ཁམས། ཨ་མདོ་བཅས་སུ་བྱིས་པ་ཚོའི་སྐད་ཡིག་དང་། རིག་གཞུང་། ངོ་བོ་བཅས་མེད་པར་བཟོ་བའི་ཆེད་དུ་བཅའ་སྡོད་སློབ་གྲྭའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་སྐོར་དང་འབྲེལ། བོད་པའི་སློབ་ཕྲུག་ལོ་ན་ ༦ ནས་ ༡༨ བར་གྱི་བྱིས་པ་ ༨༠༠༠༠༠ ནས་ ༩༠༠༠༠༠ ལྷག་མི་སེར་སྤེལ་ཡུལ་གྱི་སློབ་གྲྭ་ཁག་ཏུ་བཙན་ཁྲིད་བྱས་དང་བྱེད་མུས་ཡིན་སྐོར་སོགས་དང་འབྲེལ་གསུང་བཤད་གནང་སྐབས། རྒྱ་ནག་སྐུ་ཚབ་ནས་བར་འཚང་གིས་འགོག་རྒོལ་ཐེངས་གཉིས་བྱས་ཏེ། བསྟན་འཛིན་རྡོ་རྗེ་ལགས་ཀྱིས་རྒྱ་ནག་གི་བདག་དབང་དང་མངའ་ཁོངས་གཅིག་གྱུར་ལ་གཞི་མེད་སྐྱོན་འཛུགས་བྱེད་དེ་སྡིངས་ཆ་འདི་ལོག་སྤྱོད་བྱེད་ཀྱི་ཡོད་པ་དང་། བོད་ནང་གི་བཅའ་སྡོད་སློབ་གྲྭའི་སྲིད་བྱུས་དེ་དག་ལག་ཆ་ཞིག་ཡིན་པར་བརྗོད་པ་འདི་ནི་རྒྱ་ནག་ལ་མངོན་གསལ་དོད་པོས་དམའ་འབེབས་བྱས་པ་ཞིག་དང་། རྒྱ་ནག་གི་མིང་ལ་གནོད་སྐྱོན་ཆེན་པོ་བཟོས་ཡོད་པ་མ་ཟད། འདིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་དང་ཚོགས་འདུའི་ལས་རིམ་སྒྲིག་གཞི་དང་འགལ་ཡོད་སྟབས་ངེས་པར་དུ་གཏམ་བཤད་དེ་མཚམས་འཇོག་བྱ་དགོས་པའི་ཞུ་སྐུལ་ཐེངས་གཉིས་ཙམ་བྱས་འདུག

རྩ་བའི་ཁོང་གི་གསུང་བཤད་དེ་གའི་ཁྲོད་གྲངས་ཉུང་མི་རིགས་རྣམས་ཀྱིས་རང་གི་སྐད་ཡིག་དང་རིག་གཞུང་གི་ལག་ལེན་རྒྱུན་འཛིན་དང་གོང་འཕེལ་གཏོང་བའི་ཐོབ་ཐང་ལག་བསྟར་བྱེད་དུ་འཇུག་དགོས་པའི་སྐུལ་མ་བྱས་པ་དང་། རྒྱ་གཞུང་གིས་ལག་བསྟར་བྱེད་བཞིན་པའི་བཅའ་སྡོད་སློབ་གྲྭ་རྣམས་སྒོ་བརྒྱབ་ནས། ས་གནས་ཀྱི་སློབ་གྲྭ་ཁག་བསྐྱར་དུ་སྒོ་འབྱེད་དགོས་པའི་ཞུ་སྐུལ་གནང་ཡོད་པ་རེད།




