སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེས་མི་རབས་མང་པོའི་རིང་གནས་པའི་བོད་མིའི་དཔལ་ཡོན་ལ་དོ་ཕོག་ཤུགས་ཆེ་གཏོང་ངེས་ཡིན་པ་གསལ་འདོན་དང་འབྲེལ། བོད་མིའི་སྒྲིག་འཛུགས་ངོས་ནས་དེ་འབྲེལ་རྒྱལ་སྤྱིའི་གཞུང་དང་ཚོགས་སྡེ་ཁག་ལ་གོ་རྟོགས་མུ་མཐུད་སྤེལ་མུས་ཡིན་པ་མ་ཟད། ལྷག་པར་རྒྱ་གཞུང་གིས་ཁྲིམས་ཡིག་དེ་ཉིད་ཕྱི་ཟླ་ ༧ ཚེས་ ༡ ནས་དངོས་སུ་ལག་བསྟར་འགོ་འཛུགས་བྱ་རྒྱུ་ཡིན་པ་དང་བསྟུན། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ཁྱབ་ཁོངས་བོད་ཀྱི་དོན་གཅོད་ཁག་ནས་ས་གནས་སོ་སོར་དེ་འབྲེལ་རྒྱ་གཞུང་ལ་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་གཙོས་པའི་ཕྱི་དྲེིལ་ལས་ཁུངས་དང་གྲོས་ཚོགས་འཐུས་མི། དེ་བཞིན་གནད་ཡོད་མི་སྣ་དང་གསར་ཁང་སོགས་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་ཁ་གཏད་གཅོག་དགོས་པའི་ནན་སྐུལ་གནང་ཡོད་པ་གསུངས་སོང་།
དེ་ཡང་འདི་ཚེས་ ༢༦ ནས་འགོ་འཛུགས་ཀྱིས་དེ་རིང་ཕྱི་ཚེས་ ༢༩ བར་ཉིན་གྲངས་བཞིའི་རིང་རྡ་ས་དབུས་སྣེ་ལེན་ཁང་དུ་ཡོད་པའི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་གོ་སྒྲིག་འོག་བོད་རྒྱ་འབྲེལ་བའི་རྒྱལ་སྤྱིའི་ཚོགས་འདུ་ཞིག་འགོ་འཛུགས་གནང་ཡོད་པ་དང་། དེ་རིང་ཚོགས་འདུའི་མཇུག་སྡོམ་མཛད་སྒོའི་ཞོར་དུ་བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་གི་ཉེན་ཚབས་སྐོར་གསར་འགོད་ལྷན་ཚོགས་ཞིག་སྐོང་འཚོགས་གནང་སོང་།
དེའི་ཐོག་སྲིད་སྐྱོང་མཆོག་གིས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་དེ་ནི་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ཚད་གཞི་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་ཁས་ལེན་དང་རྒྱབ་འགལ་དུ་སོང་གི་ཡོད་སྐོར་གསུངས་བ་མ་ཟད། ཁྲིམས་ཡིག་དེས་དམིགས་སུ་བཀར་ནས་བོད་མི་རིགས་དང་འཐབ་རྩོད་ལ་དོ་ཕོག་ཤུགས་ཆེ་གཏོང་ཉེན་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ནག་ལ་དེ་འབྲེལ་གོ་སྐབས་ནམ་བྱུང་ལ་འདྲེི་རྩད་ངེས་པར་དུ་གནང་དགོས་གལ་དང་། ལྷག་པར་བོད་མིའི་སྒྲིག་འཛུགས་ངོས་ནས་རྒྱལ་སྤྱིའི་ཁྲོད་ཁྲིམས་འདི་བརྒྱུད་ནས་བོད་མིའི་ཐོབ་ཐང་དང་ངོ་བོ། རིག་གཞུང་ལ་སོགས་པར་དམ་དྲག་དང་། བཙན་ཤེད་ཀྱིས་རྒྱ་བསྒྱུར་གྱི་སྲིད་ཇུས་སྤེལ་བཞིན་པའི་ཉེན་ཚབས་སྐོར་རྒྱལ་ཚོགས་གཙོས་རྒྱལ་སྤྱིའི་གཞུང་ཁག་ལ་གོ་རྟོགས་སྤེལ་བཞིན་ཡོད་པ་གསུངས་སོང་།
གསར་འགོད་ལྷན་ཚོགས་སྐབས་གསར་འགོད་པས་འདི་ལྟ་བུའི་ཁྲིམས་གཞི་གཏན་འབེབས་ཁྲོད་བོད་མིའི་སྒྲིག་འཛུགས་ནས་རྒྱ་ནག་གི་དབང་འོག་ཏུ་ཡོད་པའི་གྲངས་ཉུང་མི་རིགས་གཞན་དང་མཉམ་ལས་ཀྱི་འཆར་གཞི་ཇི་ཡོད་བཀའ་འདྲི་ཞུ་སྐབས། སྲིད་སྐྱོང་མཆོག་གིས་རྒྱལ་ཁབ་ཁག་གི་ནང་གཞུང་འབྲེལ་ཕྱོགས་བསྐྱོད་ཁྲོད་དང་ལྷག་པར་ཉེ་ལམ་འཇར་མ་ནིའི་ཕེབས་སྐབས་རྒྱལ་ཁབ་སོ་སོའི་གཞུང་དང་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཁག དེ་བཞིན་ཡུ་གུར་དང་སོག་པོ་སོགས་རྒྱའི་བཙན་གནོན་འོག་ཡོད་པའི་གྲངས་ཉུང་མི་རིགས་ཁག་གི་ལྷན་ཚོགས་དང་མཉམ། ཁྲིམས་ཡིག་དེས་བོད་མི་དང་ཡུ་གུར་མི་རིགས་རྣམས་ཀྱི་ཆོས་རིག་དང་སྐད་ཡིག་བཅས་པ་རྩ་མེད་གཏོང་ངེས་ཙམ་མ་ཟད། ཁྲིམས་ཡིག་གི་དོན་ཚན་ ༦༣ པ་དེས་ཕྱི་ཕྱོགས་སུ་གནས་སྡོད་བྱེད་བཞིན་པའི་བོད་མི་དང་ཡུ་གུར་མི་རིགས་གཙོས་རྒྱ་ནག་གཞུང་གི་བཙན་གནོན་འོག་ཏུ་ཡོད་པའི་མི་རིགས་རྣམས་ནས། རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་དང་ཡར་རྒྱས་ལ་འགོག་རྐྱེན་བཟོས་ཚེ་རྒྱ་གཞུང་གི་ཁྲིམས་ལུགས་ལྟར་ཉེས་ཆད་ལྕི་མོ་གཅོད་རྒྱུའི་ཁྲིམས་མཐུན་གྱི་དབང་ཚད་སྤྲོད་ཡོད་སྟབས། རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ནག་གཞུང་གི་བོད་མི་དང་ཡུ་གུར། ཧོང་ཀོང་། ཐའེ་ཝན། ལྷོ་སོག་བཅས་ཀྱི་ཐོག་དྲག་གནོན་དབང་སྒྱུར་བྱེད་བཞིན་པའི་བྱ་སྤྱོད་ལ་དོ་སྣང་བྱ་རྒྱུའི་དུས་ལ་བབས་ཡོད་ལ། དེ་འབྲེལ་རྒྱ་ནག་ལ་ཁ་གཏད་གཅོག་དགོས་པའི་ནན་སྐུལ་གནང་བཞིན་ཡོད་པ་གསུངས་སོང་།
དེ་བཞིན་སྲིད་སྐྱོང་མཆོག་གིས་བོད་མིའི་སྤྱི་ཚོགས་ཁྲོད་ད་སྐབས་ཁྲིམས་ཡིག་དང་འབྲེལ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་བསྒྱུར་བ་དགོས་གལ་དང་། ཁག་གཅིག་གིས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་སྲིད་བྱུས་ལ་བསྒྱུར་བ་གཏོང་དགོས་མིན་ཐད་བསམ་ཚུལ་མི་ཉུང་བ་ཞིག་ཡོང་བཞིན་འདུག་པས། ལོ་ངོ་བཅུ་ཕྲག་བཞི་ལྷག་རིང་དབུ་མའི་ལམ་གྱི་སྲིད་བྱུས་འོག་རྒྱ་ནག་དང་ལྷན་དུ་ཞི་བའི་གྲོས་མོལ་ཐོག་འབད་བརྩོན་གནང་བཞིན་ཡོད་པ་དང་། དེ་ལྟར་ཡང་རྒྱ་གཞུང་གིས་བོད་རྒྱ་ཞ་མོལ་བྱ་རྒྱུ་ལས་ལྟོག་སྟེ། རྒྱལ་ཁབ་མཐུན་སྒྲིལ་གྱི་ཐ་སྙད་འོག་མི་རིགས་སིམ་ཡལ་གྱི་སྲིད་བྱུས་དེ་ཁྲིམས་མཐུན་བཟོ་ཡི་ཡོད་པ་དེས་ཕྱོགས་གཉིས་ཀྱི་འབྲེལ་མོལ་ལའང་གནོན་སྐྱོན་གཏོང་ཡོད་པ་འགྲེལ་བརྗོད་དང་སྦྲགས། དེ་ལྟར་ཡང་རྒྱ་གཞུང་གིས་དྲག་པོའི་སྲིད་བྱུས་དག་ལ་ལེགས་པར་དཔྱད་ཞིབ་ཀྱིས་རིམ་པས་དེ་འབྲེལ་ཐབས་ལམ་འཚོལ་གྱི་ཡིན་སྐོར་གསུངས་སོང་།
ཕྱོགས་མཚུངས་བོད་མིའི་སྒྲིག་འཛུགས་ཙམ་མ་ཡིན་པར་བོད་མིའི་གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་དང་བོད་རིགས་སྤྱི་མཐུན་ཚོགས་པ། དེ་བཞིན་བོད་མི་རྒན་གཞོན་དར་གསུམ་ནས་རང་འགན་རང་འཁར་གྱིས་ཁྲིམས་གཞི་གསར་པ་དེ་ཉིད་ཕྱིར་འཐེན་ཡོང་སླད་འབད་བརྩོན་གནང་དགོས་གལ་དང་། བོད་ཀྱི་ཐུན་མིན་ཆོས་རིག་དང་སྐད་ཡིག་བཅས་པར་ཐུགས་སྣང་གནང་དགོས་གལ་ཆེ་བ་ཡིན་པ་གསུངས་སོང་།
གཞི་རྩའི་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་དེར་སྐྱོན་བརྗོད་ཀྱི་གཞུང་འབྲེལ་གྲོས་ཆོད་སྤྱི་མོས་ཐོག་གཏན་འབེབས་གནང་བའི་ནང་། བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པ་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་བའི་རྒྱ་ནག་གི་ཁྲིམས་ཡིག་གསར་པ་དེ་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ཚད་གཞི་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་ཁས་ལེན་དང་རྒྱབ་འགལ་དུ་སོང་ཡོད་པས། ཁྲིམས་དོན་ཐོག་ནས་ཚོད་འཛིན་ཐེབས་པའི་ནུས་པ་མེད་པ་ངོས་འཛིན་གྱི་དོན་ཚན་བདུན་ཅན་གྱི་གྲོས་ཆོད་བཞག་ཡོད་པ་དང་། ཁྲིམས་ཡག་དེ་ཉིད་ཕྱི་ཟླ་ ༧ པའི་ཚེས་ ༡ ཉིན་མོར་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པ་དང་བསྟུན། འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་ཁྲིམས་ཡིག་དེས་གྲངས་ཉུང་མི་རིགས་རྣམས་ཀྱི་ཆོས་ལུགས་རིག་གཞུང་བཅས་པར་སྔར་ལྷག་བཙན་གནོན་ཤུགས་ཆེན་ཐེབས་ཉེན་ཡོད་པས་དེ་འབྲེལ་ཞི་རྒོལ་གནང་རྒྱུ་རེད་འདུག




