Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་དམར་ཤོག་ཚོགས་པའི་མཁྲེགས་འཛིན་གྱི་སྲིད་བྱུས་དེས་གཞིས་ལུས་བོད་མིའི་སྙིང་སྟོབས་ལ་འགྱུར་བ་བཏང་ཐུབ་མེད་པར་བཀའ་བསྩལ་བ།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

རྒྱ་ནག་དམར་ཤོག་ཚོགས་པས་ལོ་ངོ་ ༦༠ རིང་བོད་མིའི་ཐོག་འཛིན་པའི་མཁྲེགས་འཛིན་གྱི་སྲིད་བྱུས་དེས་བོད་ནང་གི་བོད་མིའི་སྙིང་སྟོབས་ལ་འགྱུར་བ་བཏང་ཐུབ་ཡོད་མ་རེད་ཅེས་བཀའ་བསྩལ་གནང་སོང་།
བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་འདི་ག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་དུ་རྒྱ་ནག་གཞུང་གི་ངོས་ནས་འདས་པའི་ལོ་ངོ་ ༦༠ ལྷག་གི་རིང་བོད་མིའི་ཐོག་མཁྲེགས་འཛིན་གྱི་སྲིད་བྱུས་ཤིག་འཛིན་པ་དེས་བོད་ནང་གི་བོད་མི་ཚོའི་བསམ་བློར་འགྱུར་བ་ཡོང་ཐབས་བྱས་ཀྱང་། བོད་མིའི་སྙིང་སྟོབས་ལ་འགྱུར་བ་བཏང་ཐུབ་ཡོད་མ་རེད་ཅེས་བཀའ་བསྩལ་བ་དང་འབྲེལ། དབང་ཆ་གཅིག་བསྡུས་ཀྱི་སྲིད་བྱུས་ལ་ཕུགས་རེ་དེ་ཙམ་མེད་པ་རེད་ཅེས་བཀའ་ནན་བསྩལ་སོང་།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཁ་སང་སློབ་དཔོན ML Sondhi དམ་པ་དེའི་རྗེས་དྲན་གྱི་ ༢༠༡༦ ལོའི་རྒྱལ་སྤྱིའི་ཆབ་སྲིད་མི་སྣའི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་དེའི་སྐབས་སུ་༸གོང་ས་མཆོག་ལ་གསར་འགོད་པ་ཞིག་གིས་སྤྱིར་འཛམ་བུ་གླིང་ཡོངས་ནས་མགོན་པོ་༸གང་ཉིད་ཀྱི་ལམ་སྟོན་ལ་གསན་འཇོག་གནང་གི་ཡོད་ཀྱང་། རྒྱ་ནག་གཞུང་གི་ངོས་ནས་དེ་ལྟར་རྩ་བ་ནས་མ་བྱེད་པའི་རྒྱུ་མཚན་གང་ཡིན་བཀའ་འདྲི་ཞུས་པར་མགོན་པོ་མཆོག་གིས་དང་པོ་ང་ཚོས་རྒྱ་ནག་གཞུང་དང་རྒྱ་ནག་མི་མང་གཉིས་ཀྱི་ཁྱད་པར་དེ་གསལ་པོ་ཤེས་དགོས་ཀྱི་རེད་ཅེས་བཀའ་ནན་བསྩལ་བ་དང་སྦྲགས། ད་ལྟའི་རྒྱ་གཞུང་གི་ཆབ་སྲིད་ལམ་ལུགས་དེའི་ཐོག་ནས་བོད་ཙམ་མིན་པར་རྒྱ་རིགས་ཚོ་ལའང་དེ་མཚུངས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་པ་དང། རྒྱ་གཞུང་གིས་མང་ཚོགས་ལ་དངོས་ཡོད་ཀྱི་གནས་ཚུལ་ཤེས་རྒྱུར་བཀག་སྡོམ་བྱས་པ་དེ་བཟང་སྤྱོད་དང་འགལ་གྱི་ཡོད་པ་གསུངས་སོང་། ལྷག་པར་དུ་ད་ལྟའི་རྒྱ་གཞུང་གི་ཆབ་སྲིད་ལམ་ལུགས་དེ་ཡང་བཅོས་མ་ཞིག་ཡིན་སྟབས། དེ་ལྟ་བུའི་ལམ་ལུགས་དེ་ཕུགས་རྒྱང་རིང་པོར་གནས་རྒྱུ་ཁག་པོ་རེད་ཅེས་བཀའ་བསྩལ་ཡོད།
ད་དུང་མགོན་པོ་མཆོག་གིས་ད་སྐབས་རྒྱ་ནག་ནང་དཔལ་འབྱོར་ཡར་རྒྱས་ཕྱིན་པ་དེའི་ཐོག་ནས་ཕྱི་རྒྱལ་ཁབ་ཁག་ཏུ་ཡུལ་སྐོར་བསྐྱོད་མཁན་མང་དུ་ཕྱིན་ཡོད་པ་མ་ཟད། རྒྱ་རིགས་དཔོན་རིགས་ཚོའི་བུ་ཕྲུག་ཀྱང་ཕྱི་རྒྱལ་དུ་སློབ་སྦྱོང་ཆེད་བསྐྱོད་ཀྱི་ཡོད་སྟབས། སྔ་ཕྱི་མ་གཏོགས་རྒྱ་ནག་ནང་ལ་འགྱུར་བ་ཞིག་འགྲོ་རྒྱུ་ཡིན་པ་གསལ་པོ་ཆགས་ཡོད་པ་དང་། རྒྱ་ནག་གཞུང་གི་ངོས་ནས་འདས་པའི་ལོ་ངོ་ ༦༠ ལྷག་གི་རིང་ལ་ཆབ་སྲིད་ཀྱི་ལམ་ལུགས་དེའི་འོག་བོད་མིའི་ཐོག་ལྟ་བ་མཁྲེགས་འཛིན་གྱིས་བོད་མིའི་བསམ་བློར་འགྱུར་བ་ཞིག་ཡོང་བར་ཐབས་ཤེས་མང་དག་ཞིག་བྱས་ཀྱང་། བོད་ནང་གི་བོད་མིའི་ཚོའི་སྙིང་སྟོབས་ལ་འགྱུར་བ་གང་ཡང་བཏང་ཐུབ་མེད་པ་དང་། ཆབ་སྲིད་ཀྱི་ལམ་ལུགས་དེ་ཕན་ཐོགས་གང་ཡང་མེད་པ་མངོན་གསལ་ཆགས་ཡོད་ཅེས་བཀའ་བསྩལ་ཡོད།
གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁ་སྔོན་ཕྱི་ཚེས་ ༢༥ ཉིན་བཞུགས་སྒར་དྷ་རྨ་ས་ལ་ནས་རྒྱལ་ས་ལྡི་ལིར་༸ཞབས་སོར་འཁོད་གནང་མཛད་ཡོད་པ་དང་། རྒྱལ་ས་ལྡི་ལིར་བཞུགས་ཞག་ཉིན་གྲངས་གསུམ་དེའི་ཁྲོད་མགོན་པོ་༸གང་ཉིད་མཆོག་གིས་རྒྱ་གར་གྱི་གཞུང་འཛིན་ BJP ཆབ་སྲིད་ཚོགས་པའི་འགོ་ཁྲིད་རྒན་གྲས་དེ་སྔ་སྲིད་བློན་གཞོན་པ་གནང་མྱོང་མཁན་སྐུ་ཞབས་ LK Advani མཆོག་གིས་དབུས་པའི་རྒྱ་གར་གྱི་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་ཡོད་པ་མ་ཟད། ཁ་ས་མགོན་པོ་༸གང་ཉིད་མཆོག་ལ་སློབ་དཔོན་ཨེམ་ཨེལ་སོན་དྷི་དམ་པའི་ ༢༠༡༦ ལོའི་རྒྱལ་སྤྱའི་ཆབ་སྲིད་མི་སྣའི་གཟེངས་རྟགས་འབུལ་བཞེས་དང་། དེ་རིང་༸གོང་ས་མཆོག་གིས་ Secular Ethics འམ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་གོང་འཕེལ་ཡོང་ཐབས་ཀྱི་ཤེས་ཡོན་དང་འབྲེལ་བའི་ལྷན་ཚོགས་ཤིག་ཏུ་ལམ་སྟོན་བཀའ་སློབ་བཀྲིན་བསྩལ་གནང་ཡོད་པ་རེད། དེ་རིང་ཉིན་རྒྱབ་ཚོུད་ ༣།༣༠ ཡོལ་ཙམ་ལ་བཞུགས་སྒར་དུ་ཚུར་༸ཞབས་སོར་བདེ་བར་འཁོད་གནང་མཛད་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།