Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་དེ་སླར་ཡང་ཆོས་དད་རང་དབང་གི་གནས་བབ་ཐོག་དམིགས་བསལ་སེམས་འཚབ་བྱ་ཡུལ་དུ་ཐེར་འདོན།

Tibetan News Headlines

  • Rice planting with Tashi Tobgyal, Mainpat Tibetan Settlement’s Premier Farm Cultivator
  • Saga Dawa by Yangteng Rinpoche

རེས་གཟའ་ཉི་མ། ༢༠༢༤།༠༥།༡༢

  • མན་སྤར་ཕན་བདེ་གླིང་བོད་མིའི་གཞིས་ཆགས་ཀྱི་ཞིང་པ་བཀྲིས་སྟོབས་རྒྱལ་ལགས་དང་གླེང་མོལ།
  • ས་ག་ཟླ་བ་ངོ་སྤྲོད།

ཨ་མི་རི་ཀའི་སྲིད་གཞུང་ནས་ལོ་ལྟར་རྒྱལ་སྤྱིའི་ཐོག་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྤྱི་དང་། ལྷག་པར་དུ་ཆོས་དད་རང་དབང་བརྩི་མེད་རྡོག་རོལ་གཏོང་བཁན་གྱི་རྒྱལ་ཁབ་རྣམས་ཀྱི་མིང་ཐོར་བཏོན་ཡོད་པ་ལྟར། འདི་ལོ་སླར་ཡང་རྒྱ་ནག་དེ་བཞིན་ཆོས་དད་རང་དབང་གི་གནས་བབ་ཐོག་དམིགས་བསལ་དོ་སྣང་བྱེད་དགོས་པའི་རྒྱལ་ཁབ་ཁོངས་སུ་ཐེར་འདོན་གནང་འདུག

དེ་ཡང་ཨ་རིའི་གྲོས་ཚོགས་ཀྱིས་གཏན་འབེབས་གནང་བའི་ International Religious Freedom Act 1998 ཞེས་ཕྱི་ལོ་ ༡༩༩༨ ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཁྲིམས་སྒྲིག་དགོངས་དོན་འོག་ལོ་ལྟར་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་རྒྱལ་སྤྱིའི་རྒྱལ་ཁབ་ཁག་སོ་སོའི་ནང་གི་ཆོས་དད་རང་དབང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་ཞིག་འདོན་སྤེལ་གནང་གི་ཡོད་པ་དང་། ཉེ་ཆར་ཕྱི་ཚེས་ ༤ ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony Blinken ལགས་ཀྱིས་དེ་འབྲེལ་ཡོངས་ཁྱབ་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་ཏེ། རྒྱལ་སྤྱི་ཁྱོན་ཡོངས་ལ་ཆོས་དད་རང་དབང་གི་གནས་བབ་བཟང་དུ་གཏོང་རྒྱུ་དེ་ནི་ཨ་རིའི་ཕྱི་འབྲེལ་སྲིད་བྱུས་ཀྱི་དམིགས་ཡུལ་གལ་ཆེན་ཞིག་ཆགས་ཀྱི་ཡོད་པ་འགྲེལ་བརྗོད་དང་སྦྲགས། རྒྱ་ནག་དང་ Iran བྱང་ཀོ་རི་ཡ། Russia Pakistan Burma དེ་བཞིན་ Cuba དང་ Russia Saudi Arabia སོགས་ཁྱོན་རྒྱལ་ཁབ་ ༡༢ ཆོས་དད་རང་དབང་གི་གནས་བབ་ཐད་དམིགས་བསལ་དོ་སྣང་བྱ་ཡུལ་གྱི་རྒྱལ་ཁབ་ཆགས་ཡོད་པ་གསུངས་འདུག

མ་ཟད་ Vietnam  དང་ Algeria Comoros སོགས་རྒྱལ་ཁབ་ཁག་ཅིག་དོ་སྣང་བྱེད་དགོས་པའི་ཁོངས་སུ་མིང་འདོན་དང་སྦྲགས། ད་རེས་ཀྱི་མཚན་གཞུང་ཁོངས་སུ་མེད་པའི་རྒྱལ་ཁབ་ཁག་ཅིག་ནང་ལའང་ཆོས་དད་རང་དབང་གི་གནས་བབ་ཞན་དུ་འགྲོ་བཞིན་པའི་རྣམ་པ་མངོན་རྒྱུ་ཡོད་སྟབས། སྲིད་གཞུང་ཚང་མས་མང་ཚོགས་ཀྱི་ཆོས་དད་རང་དབང་ལ་གུས་བརྩི་དང་། ཆོས་ཕྱོགས་ཀྱི་ལས་དོན་ཁག་ལ་འགོག་རྐྱེན་དང་འཚེ་བའི་ལས་རིགས་རྒྱུད་སྐུལ་བྱེད་རྒྱུ་ངེས་པར་དུ་མཚམས་འཇོག་བྱེད་དགོས་པ་མ་ཟད། སྤྱི་ཚོགས་ནང་ལ་ཆོས་ཕྱོགས་ཀྱི་ལས་དོན་ལ་དྲག་གནོན་དང་དབྱེ་འབྱེད་རིགས་བྱེད་རྒྱུ་མེད་པ་བཟོ་ཐུབ་ན་སྤྱི་ཚོགས་དང་རྒྱལ་ཁབ་ཀྱི་ཞི་བདེ་ལྷིང་འཇགས་ལ་ཕན་པ་མ་ཟད། མི་མང་རྣམས་ཀྱང་ཆེ་མཐོང་དང་འདྲ་མཉམ་ཐོག་ནས་གནས་སྡོད་ཐུབ་རྒྱུའི་དགེ་མཚན་ཆེན་པོ་ཡོད་པ་གསུངས་འདུག

གཞི་རྩའི་ཕྱི་ལོ་ ༡༩༩༨ ལོར་ཨ་རིའི་གྲོས་ཚོགས་ནས་རྒྱལ་སྤྱིའི་མང་ཚོགས་ཀྱི་ཆོས་དད་རང་དབང་སྲུང་སྐྱོབ་ཐུབ་ཐབས་སུ་རྒྱལ་སྤྱིའི་ཆོས་དད་རང་དབང ཁྲིམས་འཆར་ ༡༩༩༨ ཞེས་པ་ཞིག་གཏན་འབེབས་གནང་བ་ནས་བཟུང་། ལོ་ལྟར་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་ཁྲིམས་དེ་ཕྱི་འབྲེལ་སྲིད་བྱུས་ཁོངས་སུ་ལག་བསྟར་གནང་སྟེ་རྒྱལ་ཁབ་སོ་སོའི་ཆོས་དད་རང་དབང་གནས་བབ་ཐེར་འདོན་དང་། སྐབས་རེ་ཆོས་དད་རང་དབང་བརྩི་མེད་རྡོག་རོལ་གཏོང་མཁན་གྱི་རྒྱལ་ཁབ་དང་གང་ཟག་སྒེར་སོགས་ལ་ཆབ་སྲིད་ཀྱི་ཉེས་ཆད་ཀྱང་འགེལ་གྱི་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།