Tibetan Royal Year of 2151 | Year of the Wood Dragon

རྭ་རྒྱ་ཤེས་རིག་སློབ་གླིང་སྒོ་བརྒྱབ་པའི་ཐད་ཧང་སངས་རྒྱུ་ལས་གདོང་ལེན་གནང་གལ་ཆེ་བ་གསུངས་སོང་།

Tibetan News Headlines

  • Tibetan parliament to resume tomorrow after safety assurance from Security Department
  • French museums have yet to provide any assurance after succumbing to pressure from China- replacing ‘Tibet’ with ‘Xizang’
  • Preliminary prayer service for the Dalai Lama’s long life begins in Dharamshala
  • China promotes third plenary session of the 20th national congress across Tibet
  • Chinese students are undermining academic freedom at UK universities

རེས་གཟའ་ཟླ་བ། ༢༠༢༤།༠༩།༡༦

  • བདེ་སྲུང་ལས་ཁུངས་ཀྱིས་སྤྱི་འཐུས་རྣམ་པའི་བདེ་འཇགས་ཐད་འགན་ཁུར་བཞེས་རྒྱུའི་ཁས་ལེན་ཐོག་སང་ཉིན་གྲོས་ཚོགས་རྒྱུན་སྐྱོང་གནང་གི་རེད་ཅེས་གསུངས་སོང་།
  • རྒྱ་གཞུང་གིས་ལོ་རྒྱུས་བསྐྱར་བྲིས་དང་མི་རིགས་རྩ་གཏོར་གྱི་བྱ་སྤྱོད་ལ་རམ་འདེམས་བྱེད་མཁན་ཧྥ་རན་སི་འགྲེམ་སྟོན་ཁང་ལ་ཁ་གཏད་གཅོག་ཐབས་ཀྱིས་ལས་འགུལ་སྤེལ་བཞིན་པ།
  • བཞུགས་སྒར་དུ་བརྟན་བཞུགས་ཀྱི་སྒྲུབ་ཞག་འཚོགས་བཞིན་པ།
  • རྒྱ་གཞུང་གིས་བོད་ས་གང་སར་སྐབས་ ༢༠ པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་འདུག
  • རྒྱ་རིགས་སློབ་མ་ཚོས་དབྱིན་ཡུལ་སློབ་ཆེན་ཁག་གི་ཤེས་ཡོན་རང་དབང་ལ་དོ་ཕོག་གཏོང་བཞིན་ཡོད་པ་གསུངས་འདུག

རྒྱ་གཞུང་གིས་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་འཚོ་གནས་ཀྱི་གོ་སྐབས་ཆ་ཚང་རྩ་མེད་བཟོ་བཞིན་པ་མ་ཟད། གོ་སྐབས་དེ་དག་སྐྲུན་མཁན་གང་ཟག་སྒེར་ཡང་རྩ་མེད་བཟོ་བཞིན་ཡོད་པར་གསལ་བཏོན་གནང་བ་དང་འབྲེལ། རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་སྒོ་བརྒྱབ་པར་ཧང་སངས་རྒྱུ་ལས་གདོང་ལེན་གནང་གལ་ཆེ་བ་གསུངས་སོང་།

དེ་ཡང་དེ་རིང་སྔ་དྲོ་ཚོུད་ ༡༠ ཐོག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཚོགས་ཁང་དུ་རྭ་རྒྱ་ཤེས་རིག་ནོར་བུའི་སླིབ་གླིང་བཙན་གྱིས་སྒོ་བརྒྱབ་པའི་རྒྱུ་རྐྱེན་དང་ཤུགས་རྐྱེན་སྐོར་དཔྱད་གླེང་ཞིག་ཚོགས་གནང་ཡོད་པ་དང་། གཏམ་བཤད་གནང་མཁན་ཁྲོད་བོད་མང་མང་སྤྱི་འཐུས་དང་བོད་ཀྱི་དུས་བབ་གསར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཅིག་ལྕོགས་པདྨ་མཚོ་ལགས་དང་། རྭ་རྒྱ་སློབ་གླིང་གི་སློབ་ཟུར་བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་ཞི་བདེ་ཟླ་བ་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་བཅས་གཙོ་བཞུགས་གནང་བ་མ་ཟད། བོད་མི་མང་སྤྱི་འཐུས་གསུམ་དང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དང་ཤེས་རིག་དྲུང་འཕར། གཞན་ཡང་བོད་ཀྱི་ཁོར་ཡུག་དང་བོད་ཀྱི་རྒྱུག་ཆུའི་གནས་སྟངས་ཐོག་ཆེད་ལས་པ་འབུམ་རམས་པ་བློ་བཟང་གཡང་མཚོ་ལགས་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་ནས་རྭ་རྒྱ་སློབ་གླིང་གི་ཛ་དྲག་གནས་སྟངས་སོགས་ཀྱི་སྐོར་གཏམ་བཤད་དང་དྲི་བ་དྲི་ལན་གནང་ཡོད།

སྐབས་དེར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་དཔྱད་གླེང་དེ་གོ་སྒྲིག་གནང་བའི་དམིགས་ཡུལ་དང་འབྲེལ་དགོས་འདུན་དོན་ཚན་ལྔ་བཏོན་པའི་ནང་། རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་བཙན་དབང་གིས་སྒོ་བརྒྱབ་བཅུག་པར་ངོ་རྒོལ་དང་། བོད་ནང་གི་བོད་རིགས་སྤུན་ཟླ་རྣམས་ལ་གདུང་སེམས་མཉམ་བསྐྱེད། སློབ་གླིང་འདི་བོད་མི་རིགས་ཀྱི་སློབ་གསོའི་ཐོག་བྱས་རྗེས་རླབས་ཆེན་བཞག་ཡོད་པར་ཆེ་མཐོང་ཞུས་ཆེད།  ལྷག་པར་རྒྱ་གཞུང་གིས་བོད་ཀྱི་རིག་གནས་དང་སློབ་གསོ། རིག་གཞུང་བཅས་པ་ཐབས་བྱུས་འདྲ་མིན་བརྒྱུད་རྩ་མེད་བཟོ་ཐབས་བྱས་དང་བྱེད་མུས་ཡིན་པ་སོགས་ཐེར་བཏོན་གནང་ཆེད་ཡིན་པ་གསུངས་སོང་།

དེ་རིང་གི་དཔྱད་གླེང་དེའི་ཐོག་གཏམ་བཤད་གནང་མཁན་བོད་ཀྱི་དུས་བབ་གསར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་སྤྱི་འཐུས་པདྨ་མཚོ་ལགས་ཀྱིས། རྭ་རྒྱ་ཤེས་རིག་ནོར་གླིང་གི་སློབ་གསོའི་བྱ་བཞག་ལ་འཕྲད་པའི་དཀའ་ངལ་སྐོར་གྱི་བརྗོད་གཞི་ཐོག་གསུང་བཤད་གནང་བའི་ནང་། རྭ་རྒྱ་ཤེས་རིག་ནོར་གླིང་ལྟ་བུར་མཚོན་འདས་པའི་མི་ལོ་སུམ་ཅུའི་རིང་རྭ་རྒྱ་འཇིགས་མེད་རྒྱལ་མཚན་ལགས་ཀྱིས་དཀའ་ངལ་དུ་མར་འཛེམས་ཟོན་དང་། མགོ་ལོག་ཁུལ་གྱི་སྲིད་གཞུང་ལ་ཞུ་གཏུག་རིམ་གནང་བའི་བརྒྱུད་མཐའ་མ་དངོས་སུ་བཙུགས་ཐུབ་པ་བྱུང་ནས་ད་བར་ཁྱོན་བོད་པའི་གཞོན་སྐྱེས་ ༢༥༠༠ ལྷག་ལ་བོད་ཀྱི་སྲོལ་རྒྱུན་དང་དེང་རབས་ཟུང་སྦྲེལ་གྱི་ཤེས་ཡོན་སློབ་གསོ་སྤྲོད་པའི་ཐོག་གསོ་སྐྱོང་གནང་ཡོད་ཀྱང་། ད་རེས་གློ་བུར་དུ་རྩ་ཆེན་སློབ་གྲྭ་དེ་ཉིད་བཙན་གྱི་སྒོ་བརྒྱབ་ཡོད་པ་འདི་ནི་རྒྱ་གཞུང་གིས་བོད་མི་རིགས་ཀྱི་ཆོས་རིག་སྐད་ཡིག་བཅས་འཚོ་གནས་ཀྱི་གོ་སྐབས་ཆ་ཚང་རྩ་མེད་བཟོས་ཀྱི་ཡོད་པ་མ་ཟད། འབྲེལ་ཡོད་གང་ཟག་ཀྱང་མེད་པ་བཟོ་ཀྱིན་ཡོད་པ་མངོན་གསལ་གནང་སྟེ། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་རྭ་རྒྱ་འཇིགས་མེད་རྒྱལ་མཚན་ལགས་ཀྱིས་སློབ་གྲྭ་སྒོ་བརྒྱབ་པའི་རྗེས་སུ་མཐའ་མའི་རེ་སྐུལ་ཞུས་དོན་ལྟར། རང་འགན་རང་གི་འཁུར་དགོས་པའི་དྲན་སྐུལ་གནང་སོང་།

དེ་བཞིན་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་ཟུར་བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་ཞི་བདེ་ཟླ་བ་ལགས་ཀྱིས། ཁོང་དེ་སྔ་ཕྱི་ལོ་ ༡༩༩༨ ལོར་སློབ་གྲྭ་དེར་འཛུལ་ཞུགས་ཀྱིས་ཕྱི་ལོ་ ༢༠༠༣ ལོར་མཐར་ཕྱིན་སློབ་མ་ཐོན་པའི་མྱོང་ཚོར་དང་སློབ་གླིང་གི་ཁོར་ཡུག་སྐོར་ངོ་སྤྲོད་གནང་བའི་ཁྲོད། ཁོང་སྒེར་ལ་མཚོན་ན་ཕ་ཡུལ་དུ་བཞུགས་སྐབས་བོད་ཡིག་ལ་དམིགས་བསལ་སྤྲོ་སྣང་མེད་པ་དང་ཐོག་མ་རྭ་རྒྱ་སློབ་གྲྭར་འཛུལ་བཞུགས་གནང་སྐབས་བོད་ཡིག་ཀློག་སྟངས་ཙམ་ཡང་ཤེས་ཀྱི་མེད་པས་གནས་ཚད་ཧ་ཅང་ཞན་པོ་ཡོད་པར་རྭ་རྒྱ་འཇིགས་མེད་རྒྱལ་མཚན་ལགས་གཙོས་དགེ་ལས་རྣམ་པའི་སློབ་གསོ་ལམ་སྟོན་ལ་བརྟེན་ནས་ལོ་གཅིག་གཉིས་ནང་ཚུད་བོད་ཀྱི་རྩོམ་རིགས་ཐོག་ཡར་རྒྱས་ཧ་ཅང་ཆེན་པོ་ཕྱིན་པ་མ་ཟད། ལྷག་པར་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་གལ་གནད་ཇི་ཡིན་སྐོར་གཞི་ནས་ངེས་ཤེས་རྙེད་པ་བྱུང་ཞེས་གསུངས་ཏེ། རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ནི་མོད་སྨད་མགོ་ལོག་ཁུལ་གྱི་བོད་ཀྱི་རིག་གནས་སྦྱོང་སའི་གནའ་དེང་ཟུང་འབྲེལ་གྱི་སྒེར་བཙུགས་སློབ་གྲྭ་གྲགས་ཅན་ཞིག་ཡིན་ལ་མདོ་དབུས་ཁམས་གསུམ་གྱི་གཞོན་སྐྱེས་མང་པོས་རེ་བའི་མིག་ཟུང་གཏད་ས་མེད་དུ་མི་རུང་བ་ཞིག་ཡིན་པར་གསུངས་སོང་།

ཐེངས་འདིའི་དཔྱད་གླེང་གོ་སྒྲིག་གནང་མཁན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས། རྭ་རྒྱ་སློབ་གླིང་སྒོ་བརྒྱབ་པའི་དོན་རྐྱེན་ལས་བོད་ཡིག་སློབ་གསོའི་མ་འོངས་འཕེལ་ཕྱོགས་སྐོར་གཏམ་བཤད་གནང་སྟེ། རྒྱ་དམར་གཞུང་གིས་བོད་ནང་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་བཅའ་སྡོད་སློབ་གྲྭ་ཆེད་འཛུགས་བརྒྱུད་བོད་འདི་བཞིན་རྒྱ་ནག་ཅན་དུ་བསྒྱུར་རྒྱུའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པར་བློ་འཚབ་ཆེ་ཆེར་བཏོན་པ་དང་སྦྲགས་སྐྱོན་བརྗོད་ནན་པོ་གནང་སོང་།

མ་ཟད་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་དང་ཤེས་རིག་དྲུང་འཕར་བསྟན་འཛིན་པདྨ་ལགས་གཙོས་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཁག་ཅིག་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བེུད་ལྷན་ཚོགས་ཀྱི་འཐུས་མི། ཉམས་ཞིབ་པ་སོགས་ཀྱིས་རྒྱ་དམར་གཞུང་ནས་བོད་ནང་དུ་ལག་བསྟར་བྱེད་བཞིན་པའི་རིག་གཞུང་བཙན་བསྒྱུར་གྱི་སྲིད་ཇུས་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་དང་། རྒྱ་གཞུང་གིས་རྭ་རྒྱ་སློབ་གླིང་ཙམ་མིན་པར་མ་འོངས་མུ་མཐུད་བོད་ཀྱི་སློབ་གྲྭ་དང་དགོན་སྡེ་གཞན་ཚོའང་རིམ་པའི་བཙན་གྱིས་སྒོ་བརྒྱག་རྒྱུ་ཉག་ཅིག་ཡིན་པ་གསུངས་ཏེ། དེར་ང་ཚོས་ཧ་ལས་ཧོན་འཐོར་རྒྱུ་ལས་གདོང་ལེན་གནང་གལ་ཆེ་བ་དང་། ལྷག་པར་རྭ་རྒྱ་ཤེས་རིག་སློབ་གླིང་ལྟར་བཙན་བྱོལ་སྤྱི་ཚོགས་སུ་དེ་ལྟ་བུའི་དཔེ་མཚོན་ཙམ་ཞིག་བཙུགས་ཐུབ་མིན་ཐད་དགོངས་བཞེས་གནང་ནས་དེ་མཚུངས་བོད་ཀྱི་སྐད་དང་རིག་གཞུང་མི་ཉམས་གོང་འཕེལ་ཉམས་པ་སླར་གསོ་ཐད་ཤུགས་སྣོན་བསྐྱོན་དགོས་པའི་གཞེན་སྐུལ་གནང་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།