Tibetan Royal Year of 2151 | Year of the Wood Dragon

ལོ་ན་བཅོ་བརྒྱད་ཡན་ལ་སྔོན་ཁབ་ཐོབ་ཐབས་ལ་འབད་བཞིན་པ།

Tibetan News Headlines

  • Rice planting with Tashi Tobgyal, Mainpat Tibetan Settlement’s Premier Farm Cultivator
  • Saga Dawa by Yangteng Rinpoche

རེས་གཟའ་ཉི་མ། ༢༠༢༤།༠༥།༡༢

  • མན་སྤར་ཕན་བདེ་གླིང་བོད་མིའི་གཞིས་ཆགས་ཀྱི་ཞིང་པ་བཀྲིས་སྟོབས་རྒྱལ་ལགས་དང་གླེང་མོལ།
  • ས་ག་ཟླ་བ་ངོ་སྤྲོད།

ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་གཉན་རིམས་ ༡༩ ཛ་དྲག་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༦༢ པའི་ཐོག་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་རྒྱ་གར་ནང་ད་ཆ་ལོ་ན་བཅོ་བརྒྱད་ཡན་ལ་སྔོན་ཁབ་བསྐྱོན་རྒྱུ་བཀའ་འཁྲོལ་ཐོབ་ཡོད་ཀྱང་མང་ཚོགས་སྤྱིར་སྔོན་ཁབ་རག་ཐབས་ད་ཆ་དཀའ་བས་བོད་མིའི་སྒྲིག་འཛུགས་ནས་ལོ་ན་བཅོ་བརྒྱད་ཡན་ལ་ཏོག་དབྱིབས་སྔོན་ཁབ་ཐོབ་ཐབས་ལ་འབད་བརྩོན་གནང་གི་ཡིན་སྐོར་གསུངས་པ་དང་འབྲེལ་ཏེ་འདས་པའི་དུས་ཡུན་ནང་བོད་པར་ཤ་ཚ་ཡོད་མཁན་དང་བོད་མི་རྣམས་ནས་ནད་ཡམས་འགོག་ཐབས་སླད་ཁ་རས་དང་སྲོག་རླུང་སོགས་ཀྱི་ཞལ་འདེབས་ཕོན་ཆེ་གནང་ཡོད་པ་དང། ད་ཆ་སྔོན་ཁབ་ཐད་དཀའ་ངལ་འཕྲད་བཞིན་ཡོད་སྟབས་དེའི་ཐད་ཞལ་འདེབས་གནང་མཁན་ཡོད་ན་དགའ་བསུ་ཡོད་སྐོར་གསུངས་སོང་།དྲུང་ཆེ་མཆོག་གིས་བཙན་བྱོལ་བོད་མིའི་འདུས་སྡོད་ནང་ནད་རླབས་གཉིས་པར་བོད་མི་ནད་གཞི་ཕོག་པ་དང་འདས་གྲོངས་སུ་གྱུར་བའི་ཁ་གྲངས་དེ་ནད་རླབས་དང་པོ་ལས་ལྡབ་འགྱུར་གྱི་མང་བ་བྱུང་ཡོད་པས་བོད་མི་མང་ཚོགས་ནས་མུ་མཐུད་ནད་ཡམས་ཁྱབ་གདལ་འགོག་ཐབས་སླད་སྔོན་འགོག་གི་ལམ་སྟོན་ཁག་བསྟེན་དགོས་པ་དང་ལྷག་པར་དུ་ནད་རླབས་གཉིས་པའི་ཁྲོད་འཕྲོད་བསྟེན་ཁྱབ་ཁོངས་སྨན་ཁང་ཆེ་བ་ཁག་ཅིག་ནང་ནད་གཞི་ཕོག་པ་ ༡༢༠ ཙམ་ཞིག་ལསྨན་བཅོས་གནང་བཞིན་པ་དང་དེ་མིན་གཞན་ནད་གཞི་ཛ་དྲག་མེད་པ་རྣམས་རང་ཤག་ཏུ་བཞུགས་ཡོད་སྐོར་གསུངས་པ་དང་ཆབས་ཅིག   སྨན་ཁང་སོ་སོར་ནད་པ་ཛ་དྲག་དེ་ཙམ་མེད་པ་རྣམས་སྨན་བཅོས་གནང་ནས་དྲག་སྐྱེད་འགྲོ་མཁན་ཚོར་ཟླ་བ་འདིའི་ཚེས་ ༡ ནས་སྨན་བཅོས་ཡོངས་འཕྲོད་བསྟེན་ལས་ཁུངས་ནས་རིན་མེད་གནང་གི་ཡིན་ཞེས་གསུངས་ཡོད།

དེ་བཞིན་ད་ལྟའི་ཆར་ལོ་ན་བཅོ་བརྒྱད་ཡན་ལ་ཏོག་དབྱིབས་སྔོན་ཁབ་བསྐྱོན་གྱི་ཡོད་པས་སྔོན་ཁབ་རག་དཀའ་བའི་གནས་སྟངས་ཆགས་སྟབས་སྒྲིག་འཛུགས་ནས་སྔོན་ཁབ་ཐོབ་ཐབས་ལ་འབད་བརྩོན་གནང་གི་ཡོད་སྐོར་གསུངས་སོང་བ་མ་ཟད། ཁག་ཅིག་གིས་ནད་རླབས་གསུམ་པ་ཡོང་གི་རེད་ཅེས་བཀའ་མོལ་གནང་གི་ཡོད་སྟབས་བོད་མིའི་སྒྲིག་འཛུགས་ནས་བྱིས་པ་ལོ་ ༤ ནས་བཅོ་བརྒྱད་དང་། དེ་བཞིན་དེའི་ཡན་སྔོན་ཁབ་མ་ཐོབ་མཁན་ཚོར་སྨན་རྩིས་ཁང་ནས་བཟོ་སྐྲུན་གནང་བའི་གསོ་རིག་ལུས་སེམས་ནུས་གསོའི་སྨན་ཕུལ་གྱི་ཡིན་ཅེས་གསུངས་སོང་བ་དང་། ད་ལྟ་ནད་ཡམས་ཀྱི་དུས་ཚོད་ལ་འདུ་འཛོམས་གནང་ནས་ཆོས་ཕྱོགས་ཀྱི་ལས་དོན་མ་གནང་རོགས་ཞེས་འབོད་སྐུལ་གནང་སོང་།  ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་གསོ་རིག་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་ད་རེས་གཟའ་འཁོར་འདིའི་ནང་བོད་མིའི་འདུས་སྡོད་ཁག་ཏུ་མི་གྲངས་ ༢༩༦ ལ་ནད་གཞི་ཕོག་པ་དང་དེའི་ཁྲོད་དགུང་གྲངས་མཐོ་ཤོས་དེ་ལོ་ན་ ༦༦ དང་ཆུང་ཤོས་ནི་བྱིས་པ་ལོ་ ༢ ཡིན་པར་གསུངས་པ་མ་ཟད་བདུན་ཕྲག་འདིའི་ནང་བོད་མི་ ༨ འདས་གྲོངས་སུ་ཕྱིན་པ་དང་ཁོང་རྣམས་ནི་ལོ་ན་ ༥༠ ནས་ ༩༠ བར་ཡིན་པ་གསུངས་སོང་། ད་བར་ཁྱོན་རྒྱ་བལ་གཉིས་ནང་ནད་གཞི་ཕོག་མཁན་མི་གྲངས་ ༤༦༨༡ དང་དེའི་ཁྲོད་དྲག་སྐྱེད་བྱུང་མཁན་ ༣༦༩༦ དང་སྟབས་མ་ལེགས་པ་ཞིག་ལ་ནད་ཡམས་དེའི་རྐྱེན་གྱིས་ད་བར་འདས་གྲོངས་སུ་སོང་མཁན་བོད་མི་ ༡༢༢ དང་ད་ཆ་ནད་མནར་བཞིན་པ་ ༨༦༣   ཡིན་པ་གསུངས་ཡོད།

ཕྱོགས་མཚུངས་སྨན་པ་མཚམས་གཅོད་ལགས་ཀྱིས་ཐུགས་སྣང་ལམ་སྟོན་དང་འབྲེལ་ཏེ་ད་ཆ་ནད་རླབས་གཉིས་པའི་ཁྲོད་ནད་གཞི་ཕོག་མཁན་མང་དག་ཅིག་དྲག་སྐྱེད་རྗེས་ལུས་པོ་ཐང་ཆད་ཡ་སོགས་དཀའ་ངལ་ཡོང་གི་ཡོད་སྟབས་སོ་སོའི་ངོས་ནས་སྨན་པར་བསྟེན་གཏུག་གིས་ལུས་གསོ་བཅུད་གནང་རྒྱུ་གལ་ཆེ་ཡིན་པ་དང་། ཡང་ཁག་ཅིག་ཤུགས་ལས་བྱེད་ཡ་སོགས་ཡོང་གི་ཡོད་པས་ནད་གཞི་དྲག་སྐྱེད་རྗེས་ལྷག་པར་ལྷོད་ལྷོད་དང་སེམས་གུ་ཡངས་བྱེད་དགོས་གལ་ཡིན་པར་གསུངས་སོང་།

ཁོང་གིས་ད་དུང་ད་ཆ་རྒྱ་གར་ནང་ནད་ཡམས་ཀྱི་གནས་སྟངས་རྐྱེན་ཁྱིམ་སྡོད་བཀའ་རྒྱའི་འོག་གནས་ཡོད་སྟབས་ཁྱིམ་སྡོད་བཀའ་རྒྱའི་རྐྱེན་ལུས་ལ་དུས་རྒྱུན་བཞིན་འགུལ་སྐྱོད་བྱུང་གི་མེད་པ་དང་སེམས་ཡང་གུ་དོག་པོ་ཆགས་སྟབས། མང་ཚོགས་ནས་ཟས་བཅུད་ཚུལ་ལྡན་བསྟེན་དགོས་པ་དང་དེ་བཞིན་བྱིས་པ་ཚོས་གྲང་མངར་རིགས་བཟའ་རྒྱུ་ཉུང་ཙམ་བསྟེན་དགོས་པ་བཅས་ཕ་མ་ཚོས་བྱིས་པའི་འཕྲོད་བསྟེན་ཐད་ཐུགས་སྣང་གནང་རོགས་ཞེས་གསུངས་ཡོད།བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་རྣམ་གྲོན་ལགས་ཀྱིས་ཏོག་དབྱིབས་ནད་གཞི་དྲག་སྐྱེད་ཟིན་རྗེས་སུའང་ཁག་ཅིག་ལ་ནད་རྟགས་རྒྱུན་རིང་གནས་པ་ཡོང་གི་ཡོད་པ་ངོ་སྤྲོད་ཀྱིས་དེ་འབྲེལ་ཡོང་སྐབས་སྨན་པར་བསྟེན་གཏུག་གནང་གལ་དང་ལྷག་པར་ནད་གཞི་ཕོག་སྐབས་ཟས་སྤྱོད་ཚུལ་ལྡན་བསྟེན་ན་ནད་རྟགས་རྒྱུན་རིང་པོར་མ་གནས་པར་ཕན་གྱི་རེད་ཅེས་གསུངས་སོང་། ནད་གཞི་ཛ་དྲག་མེད་པ་ཁྱིམ་དུ་ཟུར་བཀག་བཞུགས་མཁན་ཚོ་སྲོག་རླུང་བལྟ་རྒྱུ་གལ་ཆེན་དང་སྲོག་རླུང་བེད་སྤྱོད་གང་འདྲ་གཏང་དགོས་མིན་ལམ་སྟོན་གནང་སོང་བ་མ་ཟད། ལོ་ན་བཅོ་བརྒྱད་ཡན་རྣམས་སྔོན་ཁབ་ངེས་པར་དུ་བབརྒྱབ་དགོས་པའི་གཞེན་སྐུལ་གནང་སོང་།

གཞི་རྩའི་བོད་མིའི་སྒྲིག་འཛུགས་ཀྱིས་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཉེ་ལམ་སྐབས་ ༡༦ པའི་སྲིད་སྐྱོང་གི་ལས་ཁུར་དང་གསང་རྒྱའི་དམ་འབུལ་ཞུས་འཕྲལ་བཀའ་ཤག་གསར་པའི་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་སྔོན་འགོག་དང་མཐུན་སྦྱོར་གནང་ཕྱོགས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བ་བརྒྱུད་ནད་ཡམས་དང་འབྲེལ་བའི་ལས་དོན་གཙོ་བོ་གསུམ་གྱི་ཐོག་འབད་བརྩོན་གནང་གལ་སྐོར་དང་སྦྲགས་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་སྣེ་ཁྲིད་དེ་གཞུང་དང་ཚོགས་པ་ཁག་ནས་མུ་མཐུད་གཉན་རིམས་དང་འབྲེལ་བའི་དཔལ་འབྱོར་བསྡུ་རུབ་ཀྱི་ལས་གཞི་མཇུག་སྐྱོང་གནང་རྒྱུ་དང་། གལ་སྲིད་རོགས་དངུལ་འདང་ངེས་པ་ཞིག་མ་འབྱུང་ཚེ་ད་ལྟའི་ནད་ཡམས་འདི་ཛ་དྲག་ཆེན་པོ་ཞིག་ཡིན་པ་དང་མིའི་འཕྲོད་བསྟེན་དང་སྲོག་ལ་ཉེན་ཁ་ཆགས་ཀྱི་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་མ་དངུལ་གང་གི་ཐོག་ནས་གནང་དགོས་ཀྱང་འགྲོ་སོང་གནང་བར་ཐེ་ཚོམ་རྩ་བ་ཉིད་ནས་མེད་ཅེས་གསུངས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།