དབྱིན་ཡུལ་གྱི་སྲིད་བློན་ Keir Starmer མཆོག་ཟླ་བ་འདིའི་ཟླ་མཇུག་ཏུ་རྒྱ་ནག་ལ་རྒྱལ་དོན་འཚམས་གཟིགས་ལ་ཕེབས་རྒྱུ་དང་བསྟུན། དེ་རིང་ངམ་སང་ཉིན་གྱི་དུས་ཚོད་གང་རུང་ཞིག་སྲིད་བློན་ངོས་ནས་ཕྱི་ལོ་ ༢༠༡༨ ནས་འགོག་རྐྱེན་སྣ་ཚོགས་འོག་འགག་ནས་བསྡད་པའི་རྒྱ་ནག་གི་གཞུང་ཚབ་གསར་རྒྱག་གི་ལས་གཞིར་ཆོག་མཆན་གནང་རྒྱུའི་ཚོད་དཔག་གནང་བཞིན་པ་ལྟར། ཁ་ཉིན་རེས་གཟའ་སྤེན་པའི་ཉིན་རྒྱབ་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་བོད་མི་དང་ཡུ་གུར་བ། དེ་བཞིན་ཧོང་ཀོང་གི་མང་གཙོ་དོན་གཉེར་བ་སོགས་བརྒྱ་ཕྲག་འདུ་འཛོམས་ཀྱིས་ལས་གཞི་དེར་ངོ་རྒོལ་མཐའ་གཅིག་ཏུ་གནང་འདུག

དེ་ཡང་ཁ་ཉིན་ཕྱི་ཚེས་ ༡༧ ཉིན་རྒྱབ་ཚོུད་ ༢ པའི་ཐོག་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་གྱི་ Royal Mint Court གྱི་མདུན་ཐང་དུ། Inter-Parliamentary Alliance on China (IPAC) ཞེས་རྒྱ་ནག་ལ་གདོང་ལེན་གནང་མཁན་གྱི་གྲོས་ཚོགས་འཐུས་མིའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག་བོད་དང་གཉའ་གནོན་འོག་ཚུད་པའི་གྲངས་ཉུང་མི་རིགས་ཀྱི་མཐུན་ཚོགས་ (GATPM) དང་། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་རྒྱ་ནག་ལྟ་ཞིབ་ཚོགས་པའི་ཚོགས་མི། བོད་མི་དང་ཡུ་གུར་བ། ཧོང་ཀོང་གི་མང་གཙོ་དོན་གཉེར་བ་སོགས་ལས་འགུལ་བ་བརྒྱ་ཕྲག་འདུ་འཛོམས་ཀྱིས་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་འདུག་པ་མ་ཟད། ངོ་རྒོལ་བ་རྣམས་ཀྱིས་སྐབས་དེར་ལག་ཏུ་སྦྱར་ཡིག་སོགས་བསྣམས་པའི་སྟེང་དུ་ནམ་ཡང་རྒྱ་ནག་གཞུང་ཚབ་གསར་རྒྱག་གི་ལས་གཞི་ལ་རྒྱབ་སྐྱོར་མེད་ཅེས་དང་། རྒྱ་ནག་གི་རྒྱལ་མཚམས་ལས་བརྒལ་བའི་དྲག་སྤྱོད་དེ་དག་ཕྲལ་དུ་མཚམས་འཇོག་བྱ་དགོས་ཞེས་སོགས་བྲིས་འདུག
རྩ་བའི་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༨ ལོར་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་རྟེན་གཞི་བྱས་པའི་ Royal Mint ཞེས་པའི་ས་ཚིགས་གྲགས་ཅན་དེ་ཉོས་ཏེ། དེར་གཞུང་ཚབ་ཁང་ཆེན་པོ་ཞིག་གསར་འཛུགས་བྱེད་རྒྱུའི་འཆར་གཞི་བཏིང་ཡང་། ལས་གཞི་དེའི་ཐད་མི་མང་ཁྲོད་གླེང་སློང་ཆེན་པོ་ཆགས་པ་དང་འབྲེལ། བོད་པ་དང་ཡུ་གུར་བ། ཧོང་ཀོང་བ། དེ་བཞིན་མང་གཙོ་དོན་གཉེར་བ་སོགས་ཀྱིས་རྒྱ་ནག་གཞུང་ཚབ་ཁང་གསར་རྒྱག་གི་ལས་གཞི་དེས་དབྱིན་ཡུལ་དུ་རྒྱ་གཞུང་གི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་གྱི་ལས་འགུལ་ཇེ་ཤུགས་ཆེ་རུ་འགྲོ་ཉེན་དང་། ལྷག་པར་གཞུང་ཚབ་ཁང་དེ་ཉིད་ཁུལ་དེའི་མང་ཚོགས་ལ་སོ་ལྟ་བྱ་ཡུལ་དུ་འགྱུར་ངེས་བཅས་འགྲེལ་བརྗོད་དང་སྦྲགས། ངོ་རྒོལ་གྱི་ལས་འགུལ་རིམ་པ་སྤེལ་བ་མ་ཟད། ས་གནས་གྲོང་སྡེ་ལྷན་ཚོགས་ནས་ཐེངས་གཉིས་ཆོག་མཆན་བཀག་པ་སོགས་བྱུང་སྟེ་ད་བར་དགོས་ངེས་བཀའ་ཁྲོལ་ཐོབ་མེད་པ་རེད།

འོན་ཀྱང་དབྱིན་ཡུལ་གྱི་སྲིད་བློན་ Keir Starmer མཆོག་གིས་ཉེ་ལམ་ཚེས་ ༡༢ ཉིན་གཏམ་བཤད་ཅིག་གི་ཁྲོད། རྒྱ་ནག་ནི་ད་ལྟའི་ཆར་འཛམ་གླིང་ནང་གི་དམག་དོན་དང་། ཚོང་འབྲེལ། འཕྲུལ་རིག་གི་ནུས་པ་ཆེ་གྲས་ཤིག་ཡིན་པ་དང་འབྲེལ། རྒྱ་ནག་དེ་བཞིན་དབྱིན་ཡུལ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་དངོས་ཡོད་ཉེན་ཁ་ཅན་ཞིག་ཡིན་པ་དེ་ལྟར་ཡང་། རང་རྒྱལ་ཁབ་ཀྱི་ཁེ་ཕན་ཆེད་དུ་རྒྱལ་ཁབ་གཞན་ལྟར་ཚོང་དོན་འབྲེལ་ལམ་འཇོག་དགོས་ངེས་ཡིན་པ་མ་ཟད། རྒྱ་ནག་ཐོག་མཐའ་གཉིས་སུ་མ་ལྷུང་བར་བཏང་སྙོམས་ཀྱི་སྲིད་བྱུས་ཤིག་འཛིན་དགོས་གལ་སྐོར་གསུངས་ཏེ། ཁུལ་དེར་རྒྱ་ནག་གཞུང་ཚབ་ཁང་གསར་རྒྱག་གི་ལས་གཞིར་བཀའ་ཁྲོལ་གནང་འཆར་ཡོད་པའི་རྣམ་འགྱུར་བསྟན་ཡོད་པ་རེད།

སྤྱིར་དབྱིན་ཡུལ་གྱི་སྲིད་བློན་མཆོག་ཟླ་བ་འདིའི་ཟླ་མཇུག་ཏུ་རྒྱ་ནག་ནང་གཞུང་དོན་འཚམས་གཟིགས་ཐེངས་དང་པོར་ཕེབས་འཆར་ཡོད་པ་དང་། ཁོང་ནི་ ༢༠༡༨ ལོ་ནས་བཟུང་དབྱིན་ཇིའི་སྲིད་བློན་པེ་ཅིང་ལ་ཕེབས་མཁན་ཐོག་མ་དེ་ཆགས་རྒྱུ་ཡིན་པ་རེད། ཕྱི་ལོ་ ༢༠༡༨ ལོའི་སྐབས་དེའི་དབྱིན་ཡུལ་སྲིད་བློན་ལྕམ་སྐུ་ Theresa May ལགས་ཀྱི་འཚམས་གཟིགས་སྐབས་རྒྱ་ནག་དང་མཉམ་དུ་དབྱིན་སྒོར་དུང་ཕྱུར་ ༩ ལྷག་གི་ཚོང་གི་གན་རྒྱ་གསར་པ་བཞག་ཡོད་པ་དང་། ཉེ་བའི་ལོ་ཤས་ནང་དབྱིན་ཡུལ་དང་རྒྱ་ནག་གཉིས་དབར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་སོང་བའི་རྐྱེན་གྱིས་ Keir Starmer མཆོག་གི་སྲིད་གཞུང་ནས་རྒྱ་ནག་དང་འབྲེལ་ལམ་གོང་མཐོར་སྤེལ་རྒྱུའི་ཐབས་ཤེས་ཁྲོད། སྔ་ལོར་དབྱིན་ཡུལ་གྱི་དཔལ་འབྱོར་བློན་ཆེན་ Rachel Reeves ལགས་རྒྱ་ནག་ལ་ཕེབས་སྐབས་ཚོང་གི་གན་རྒྱ་དབྱིན་སྒོར་ས་ཡ་ ༦༠༠ ལས་བྱུང་མེད་སྟབས། ཐེངས་འདིའི་སྲིད་བློན་ Starmer མཆོག་གི་འཚམས་གཟིགས་དེ་གནས་འགག་ཞིག་ལ་གཟིགས་བཞིན་ཡོད་པ་རེད།
གནད་དོན་དཔྱད་ཞིབ་པ་རྣམས་ཀྱིས་གལ་ཏེ་དབྱིན་ཡུལ་ངོས་ནས་རྒྱ་ནག་གི་གཞུང་ཚབ་གསར་རྒྱག་གི་ལས་གཞིར་ངོས་ལེན་མ་བྱས་ཚེ། དབྱིན་ཇི་དང་རྒྱ་ནག་དབར་གྱི་འབྲེལ་བ་དང་། ལྷག་པར་དུ་བཟོ་རིག་རིག་ནུས་ཐོག་མཉམ་ལས་བྱ་རྒྱུར་འགོག་རྐྱེན་ཆེན་པོ་་འཕྲད་རྒྱུའི་ཚོད་དཔག་གནང་བཞིན་པ་རེད་འདུག

གང་ལྟར་རེས་གཟའ་སྤེན་པ་ཉིན་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་གོ་སྒྲིག་བྱས་པའི་གཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་དེ་ནི་ཕྱི་ལོ་ ༢༠༢༣ ལོ་ནས་བཟུང་རྒྱ་ནག་གཞུང་ཚབ་ཁང་གསར་རྒྱག་དང་འབྲེལ་ནས་ངོ་རྒོལ་ཐེངས་ ༥༠ པ་དེ་ཆགས་ཀྱི་ཡོད་པ་དང་། ད་ལན་གྱི་ངོ་རྒོལ་འདིའི་ཐོག་དབྱིན་ཡུལ་གྱི་ཕྱོགས་འགལ་རྙིང་ཞེན་ཚོགས་པའི་འགོ་ཁྲིད་ལྕམ་ Kemi Badenoch མཆོག་ཆེད་ཕེབས་ཀྱིས་གཏམ་བཤད་གནང་ཡོད་པ་དང་། ཁོང་གིས་སྐབས་དེར་རྒྱ་ནག་གཞུང་གིས་དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་བསུན་གཙེར་དང་སྲིད་དོན་ཉེས་ཆད་བཀལ་བ་མ་ཟད། རྒྱ་ནག་དང་འབྲེལ་བའི་དབྱིན་ཡུལ་གྱི་མི་སེར་རྣམས་ལའང་དྲག་གནོན་ཤུགས་ཆེན་བྱས་ཡོད་པ་འགྲེལ་བརྗོད་དང་འབྲེལ། ང་ཚོས་རྒྱ་ནག་གི་བཙན་གནོན་ལ་ངོ་རྒོལ་བྱེད་དགོས་པ་ཤེས་ཀྱི་ཡོད། འོན་ཀྱང་ང་ལ་སེམས་ཁྲལ་ཡོད་པ་ནི། ད་ལྟའི་དབྱིན་ཡུལ་སྲིད་གཞུང་གི་རྒྱ་ནག་ལ་སྐྲག་སྣང་ཡོད་པ་ལྟ་བུར་མཐོང་གི་འདུག་ཅེས་གསུངས་པ་དང་ཆབས་གཅིག་སྐད་གསང་ཐོན་པའི་ཐོག་རྒྱ་ནག་གི་གཞུང་ཚབ་ཁང་མི་དགོས་ཞེས་གསུངས་འདུག



