Tibetan Royal Year of 2151 | Year of the Wood Dragon

ལྷ་སྒྲོན་བཀྲས་མཐོང་ལགས་སུ་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་བྱ་དགའ་ཐོབ།

Tibetan News Headlines

  • བོད་ཀྱི་བེུད་། བལ་ཡུལ་ལྷ་མོ་ཚོགས་པའི་ཚོགས་མི་དང་གློག་བརྙན་འཁྲབ་སྟོན་པ་འཕྲིན་ལས་ལྷ་མོ་ལགས་དང་ལྷན་ཁོང་གི་སྒྱུ་སྩལ་གྱི་ལམ་བུའི་སྐོར་གླེང་མོལ།

རེས་གཟའ་ཉི་མ། ༢༠༢༤།༠༥།༠༥

  • Women of Tibet: In conversation with Thinley Lhamo, member of Nepal Tibetan opera and star in Nepalese film ‘Shambala’

ཨ་རིའི་ནང་དུ་རྟེན་གཞི་བྱས་པའི་ Tibet Action Institute འམ་བོད་དོན་ལས་འགུལ་ལྟེ་གནས་ཁང་གི་ངེས་སྟོན་པ་དང་ཚོགས་པ་གསར་འཛུགས་གནང་མཁན་གྲས་སུ་ཡོད་པ་བོད་དོན་ལས་འགུལ་བ་ལྷ་སྒྲོན་བཀྲས་མཐོང་ལགས་ལ་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་བྱ་དགའ་ཐོབ་འདུག

ཁ་སང་ཕྱི་ཚེས་ ༡༨ ཉིན་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་སྐུ་ཚབ་སྐུ་ཞབས་ Rashad Hussain ལགས་ཀྱི་ཕྱག་ནས་ལྷ་སྒྲོན་བཀྲས་མཐོང་ལགས་སུ་ཨ་རིའི་ཕྱི་སྲིད་དྲུང་ཆེའི་མཚན་གནས་ཐོག་ནས་ཕུལ་བའི་ཆོས་དད་རང་དབང་གི་བྱ་དགའ་དེ་འབུལ་བཞེས་གནང་འདུག་པ་དང་། ལྷན་ཚོགས་ཀྱི་དྲ་གནས་ཐོག་འདི་ལོའི་བྱ་དགའ་བཞེས་མཁན་རྣམས་ངོ་སྤྲོད་གནང་བའི་ནང་དུ། ལྷ་སྒྲོན་བཀྲས་མཐོང་ལགས་ཀྱིས་འཕྲུལ་ལས་རིག་པའི་མཁས་ལས་པ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཁག་གཅིག་སྣེ་ཁྲིད་གནང་སྟེ་རང་དབང་འབྲེལ་ལམ་གྱི་འཕྲུལ་རིག་བཟོ་སྐྲུན་དང་འཚེ་མེད་ཞི་བའི་འཐབ་རྩོད་གནང་རྒྱུ། དེ་བཞིན་བོད་མིས་གཙོས་པའི་རྒྱ་ནག་གི་གདུག་རྩུབ་མྱོང་བཞིན་པའི་མི་རིགས་ཁག་གི་ཚོགས་པ་སྒྲིག་འཛུགས་ཁག་ལ་དྲ་རྒྱའི་བདེ་འཇགས་དང་འབྲེལ་ལམ་འཕྲུལ་རིག་ལས་འགུལ་སྤེལ་ཕྱོགས་བཅས་ཀྱི་སྐོར་ལ་ཟབ་སྦྱོང་ཡང་གནང་གི་ཡོད་པ་བཀོད་འདུག 

ལྷག་པར་དུ་ལྷ་སྒྲོན་ལགས་ཀྱིས་སྣེ་ཁྲིད་པའི་བོད་དོན་ལས་འགུལ་ལྟེ་གནས་ཁང་གིས་བོད་དོན་ལས་འགུལ་ཚོགས་པ་དུ་མའི་སྐུ་ཚབ་གནང་སྟེ་རྒྱ་ནག་དང་འབྲེལ་བའི་རྒྱལ་ཚོགས་ཀྱི་དུས་བཀག་བསྐྱར་ཞིབ་ཀྱི་སྔོན་འགྲོའི་ལྷན་ཚོགས་ཐོག་རྒྱ་ནག་གཞུང་གིས་ཆོས་དད་རང་དབང་གཙོས་པའི་བོད་མིའི་གཞི་རྩའི་རང་དབང་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད་པ་མངོན་གསལ་གནང་སྟེ་བོད་དོན་ལས་འགུལ་བ་རྣམས་ཀྱི་དགོས་འདུན་འགོད་འབུལ་ཞུས་པ་མ་ཟད། ཁོང་གིས་སྣེ་ཁྲིད་འོག་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་འཐབ་རྩོད་ཀྱི་རིན་ཐང་གོང་འཕེལ་དང་། འཐབ་རྩོད་ཀྱི་དམིགས་ཡུལ་གཅིག་པ་ཡོད་པའི་བོད་པའི་ཚོགས་པ་སྒྲིག་འཛུགས་རྣམས་ཀྱི་ནུས་པ་གོང་འཕེལ་དུ་བཏང་ཡོད་པ་གསུངས་འདུག

ཁ་སང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲ་གནས་ཐོག་དེ་འབྲེལ་གནས་ཚུལ་སྤེལ་བའི་ནང་དུ། འདི་ལོ་ཕྱི་སྲིད་དྲུང་ཆེ་མཆོག་གིས་བོད་དོན་ལས་འགུལ་བ་ལྷ་སྒྲོན་བཀྲས་མཐོང་ལགས་ཀྱིས་གཙོས་པའི་ Pakistan དང་ Nigeria, Lithuania, Iraq, Nicaragua བཅས་ཀྱི་ཆོས་དད་རང་དབང་འཐབ་རྩོད་པ་ཁྱོན་མི་དགུ་ལ་འདི་ལོའི་ཆོས་དད་རང་དབང་གི་བྱ་དགའ་དེ་གནང་རྒྱུའི་ཐག་གཅོད་གནང་ཡོད་པ་དང་། ཚོགས་སྒེར་དགུ་པོ་དེ་དག་གིས་སོ་སོའི་རྒྱལ་ཁབ་དང་རྒྱལ་ཁབ་གཞན་གྱི་ནང་དུ་འགྲོ་བ་མིའི་ཐོབ་ཐང་དང་ཕན་ཚུན་གུས་བརྩིའི་བློ་གོང་འཕེལ་བཏང་ཡོད་པ་གསུངས་འདུག

རྩ་བའི་ལྷ་སྒྲོན་བཀྲས་མཐོང་ལགས་ཀྱིས་དེ་སྔ་ཕྱི་ལོ་ ༡༩༩༨ ལོར་བོད་རང་བཙན་གྱི་མཚན་ཚོགས་ཆེན་མོ་ཞིག་གི་ཐོག་ལ་སེམས་འགུལ་ཅན་གྱི་བོད་དོན་གཏམ་བཤད་གནང་བའི་རྗེས་སུ། ཁོང་ནས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ནང་ཐོག་མར་ཕྱག་ལས་འགོ་འཛུགས་གནང་ཡོད་པ་དང་། ཕྱི་ལོ་ ༢༠༠༣ ལོར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་སྤྱི་ཁྱབ་ངེས་སྟོན་པའི་ཐུགས་འགན་ཡང་བཞེས་ཡོད་པ་མ་ཟད།  ཁོང་གིས་བོད་དོན་ལས་འགུལ་ཆེ་ཆུང་འདྲ་མིན་ནང་དུ་ཆ་ཤས་བླངས་བའི་ཁྲོད། ཕྱི་ལོ་ ༢༠༠༨ ལོའི་པེ་ཅིང་ Olympic རྩེད་འགྲན་དང་འབྲེལ་རྒྱ་ནག་རྒྱལ་ས་པེ་ཅིང་ནང་དུ་འཛིན་བཟུང་ཡང་བྱས་མྱོང་ཡོད་པ་རེད།

ཕྱི་ལོ་ ༢༠༠༩ ལོར་ལྷ་སྒྲོན་ལགས་ཀྱིས་དྲ་རྒྱ་དང་འཕྲུལ་རིག་ཐོག་ནས་བོད་དོན་ལས་འགུལ་གྱི་ནུས་པ་ཇེ་ཤུགས་ཆེ་རུ་བཏང་བར་དམིགས་ཏེ་བོད་དོན་ལས་འགུལ་ལྟེ་གནས་ཁང་གསར་འཛུགས་གནང་ཡོད་པ་དང་། ཕྱི་ལོ་ ༢༠༡༡ ལོར་ཁོང་ལ་ International Center on Nonviolen Conflict ཞེས་རྒྱལ་སྤྱིའི་འཚེ་མེད་ཞི་བའི་འཐབ་རྩོད་བལྟེ་གནས་ཁང་ནས་ James Lawson གྱི་བྱ་དགའ་ཡང་འབུལ་བཞེས་གནང་ཡོད་པ་མ་ཟད། བོད་དོན་ལས་འགུལ་ལྟེ་གནས་ཁང་ལ་ཕྱི་ལོ་ ༢༠༡༩ ལོར་ NED ཞེས་ཨ་རིའི་རྒྱལ་ཡོངས་དམངས་གཙོ་ལྟེ་གནས་ཁང་གི་དམངས་གཙོའི་གཟེངས་རྟགས་ཡང་ཐོབ་མྱོང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།