Tibetan Royal Year of 2151 | Year of the Wood Dragon

ཤམ་བྷ་ལའི་གློག་བརྙན་བྷར་ལིན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་འགྲན་བསྡུར་ནང་ཚུད་པ།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

ཟླ་བ་འདིའི་ཕྱི་ཚེས་ ༡༥ ནས་དབུ་འཛུགས་ཀྱིས་འདི་ཚེས་ ༢༥ བར་འཇར་མཱ་ནིའི་རྒྱལ་ས་བྷར་ལིན་ནང་དུ་བྷར་ལིན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་འགྲན་བསྡུར་ཐེངས་ ༧༤ པ་དེ་འཚོགས་བཞིན་ཡོད་པ་དང་། དེའི་ནང་གློག་བརྙན་ ༢༠ མིང་སྨོས་བྱས་འདུག་པའི་ཁྲོད་ཤམ་བྷ་ལ་ཚུད་འདུག

ཤམ་བྷ་ལ་གློག་བརྙན་དེ་བྷར་ལིན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ནང་ཚུད་པའི་བལ་ཡུལ་གྱི་གློག་བརྙན་ཐོག་མ་དེ་ཆགས་ཀྱི་ཡོད་ཅིང་། ལྷག་པར་ལོ་ངོ་ ༣༠ ནང་ལྷོ་ཨེ་ཤི་ཡའི་ཁྱོན་ནས་ཐེངས་དང་པོ་ཆགས་ཀྱི་འདུག གློག་བརྙན་དེའི་ནང་དོན་བཀའ་མོལ་ནི་བལ་པོའི་སྐད་དང་བོད་སྐད། དེ་བཞིན་དོལ་པོའི་ཡུལ་སྐད་ཐོག་ཡིན་པ་དང་། ཁུལ་དེར་སང་ཉིན་ཕྱི་ཚེས་ ༢༣ ནས་ ༢༥ བར་ས་ཚིགས་ལྔ་ལ་འགྲེམས་སྟོན་གནང་གི་ཡོད་པ་མ་ཟད། འཁྲབ་སྟོན་གནང་མཁན་དེའི་ཁྲོད་བཙན་བྱོལ་བོད་མིའི་སྒྱུ་རྩལ་བ་གྲགས་ཅན་བློ་བརྟན་རྣམ་གླིང་ལགས་དང་། བསོད་ནམས་སྟོབས་ལྡན་ལགས། བསྟན་འཛིན་དགྲ་ལྷ་ལགས། འཕྲིན་ལས་ལྷ་མོ་ལགས་བཅས་ཡོད་པ་རེད།

རྩ་བའི་གློག་བརྙན་དེའི་ནང་དོན་ནི། བལ་བོད་བར་ན་ཡོད་པའི་ཧི་མ་ལ་ཡའི་རི་རྒྱུད་དུ་གནས་པའི་བུ་མོ་པདྨ་ཞེས་པ་དེ་བཀྲ་ཤིས་དང་ཁོང་གི་གཅུང་པོ་གཉིས་དང་ལྷན་དུ་བཟའ་གསུམ་བྱས་ནས་མི་ཚེ་བདེ་སྐྱིད་ངང་སྐྱེལ་བཞིན་པའི་ཁྲོད། བཀྲ་ཤིས་བོད་ཀྱི་་རྒྱལ་ས་ལྷ་སར་ཚོང་དོན་ཆེད་བསྐྱོད་དེ་ཕྱིར་སླེབས་མ་ཐུབ་པར་བརྟེན། པདྨའི་མངལ་ནང་ཕྲུ་གུ་འཁོར་བ་དེའི་ཐོག་ཡུལ་མི་རྣམས་ཀྱིས་དྲི་བ་དྲིས་ཏེ། ཁོ་མོའི་རིམ་པས་ བཀྲ་ཤིས་འཚོལ་དུ་ཕྱིན་པར་རིམ་བཞིན་ཧི་མ་ལ་ཡའི་རི་རྒྱུད་ཀྱི་གསེབ་ཏུ་དཀའ་སྡུག་སྣ་ཚོགས་ཤིག་གི་ཁྲོད་ནས་ཆོས་ཀྱི་ལམ་དུ་བཞུགས་པར་བསྟན་པའི་གློག་བརྙན་ཞིག་ཡིན་པ་རེད་འདུག

གློག་བརྙན་འཁྲབ་ཁྲིད་པ་ནི་བལ་པོ་ Min Bahadur Bham ལགས་ཡིན་པ་དང་། ཁོང་ནི་དེ་སྔོན་ནང་པའི་ལྟ་གྲུབ་དང་ཆབ་སྲིད་ཚན་རིག་བཅས་ཀྱི་ཐོག་ལ་སློབ་སྦྱོང་གནང་མྱོང་མཁན་ཞིག་ཡིན་པ་མ་ཟད། ད་བར་ཁོང་གིས་ The Flute དང་། The Black Hen སོགས་བཟོ་བསྐྲུན་གནང་ཡོད་ཅིང་། གློག་བརྙན་དེ་དག་ལ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཁག་གི་བྱ་དགའ་ཡང་ཐོབ་ཡོད་པ་རེད།

གཞི་རྩའི་གློག་བརྙན་དེ་འདི་ལོར་བལ་ཡུལ་དང་ཧྥ་རན་སི། ནོར་ཝེ། ཧོང་ཀོང་། ཊར་ཀི ཐའི་ཝན། ཨ་རི། ཀ་ཏར་བཅས་སུ་གཟིགས་འབུལ་ཞུ་འཆར་ཡོད་པ་རེད་འདུག

གློག་བརྙན་དེ་འཁྲབ་ཡུལ་བལ་ཡུལ་དོལ་པོ་ཕྱོགས་སུ་ཡིན་པ་རེད།

གནད་དོན་དེ་དང་འབྲེལ་ནས་འདི་ག་རླུང་འཕྲིན་ཁང་གིས་ཤམ་བྷ་ལ་གློག་བརྙན་འཁྲབ་སྟོན་གནང་མཁན་བོད་མི་སྒྱུ་རྩལ་བ་བློ་བརྟན་རྣམ་གླིང་ལགས་སུ་བཀའ་འདྲི་ཞུས་པ་ཞིག་གོང་གི་སྒྲ་སྒམ་ནས་གསན་ཐུབ།

འབྲེལ་ཡོད་གསར་གནས།

གསར་གནས།