སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་ ༡༡ པ་འགོ་འཛུགས།

Tibetan News Headlines

  • In conversation with Asanga Vajra Rinpoche of the Khön Family of Sakya Phuntsok Phodrang

ཪེས་གཟའ་སྤེན་པ། ༢༠༢༦།༡༡།༠༧

  • དཔལ་ས་སྐྱ་པ་ཕུན་ཚོགས་ཕོ་བྲང་གི་འཁོན་གདུང་༸སྐྱབས་མཆོག་ཨ་སངྒ་བཛྲ་རིན་པོ་ཆེ་དང་གླེང་མོལ།

དེ་རིང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ གམ་གྲོས་ཚོགས་ཚོགས་དུས་མཐའ་མ་དེ་འགོ་འཛུགས་གནང་སོང་བ་དང་འབྲེལ། ཚོགས་གཙོ་མཆོག་གིས་རྒྱལ་སྤྱིའི་ཁྲོད་བོད་ཀྱི་གནད་དོན་དང་འབྲེལ་ནས་མི་ལོ་ ༦༧ རྗེས་ཕྱིར་དམིགས་ཤིག་ལྟ་དུས། སྤོབས་པ་སྐྱེས་འོས་པའི་གནས་སྟངས་ཤིག་ཆགས་ཡོད་པ་དེ་ལྟར་ཡང་། བོད་ནང་རྒྱ་གཞུང་གིས་ཁྲིམས་སྒྲིག་གསར་བཟོ་བརྒྱུད་བོད་བརྒྱུད་ནང་བསྟན་དང་བོད་ཀྱི་སྐད་ཡིག་རིག་གཞུང་ལ་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་སྟབས། བོད་ཀྱི་སྐད་ཡིག་དེ་མུ་མཐུད་མི་ཉམས་རྒྱུན་འཛིན་གནང་དགོས་གལ་ཡིན་པའི་བརྡ་ལན་གནང་སོང་།

Final Budget Session of the 17th Tibetan Parliament-in-Exile Begins in Dharamshala
པར་དབང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས།

དེ་ཡང་དེ་རིང་སྔོན་རྩིས་ཀྱི་ལས་རིམ་དབུ་འཛུགས་མ་ཞུས་གོང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་དབུ་འབྱེད་གསུང་བཤད་གནང་བའི་ཁྲོད། ཕྱི་ཟླ་ ༣ དེ་བཞིན་བོད་མི་རང་དབང་སྒེར་ལངས་གསུམ་བཅུ་དུས་དྲན་འཁེལ་གྱི་ཡོད་པ་དང་། བོད་ནང་རྒྱ་ནག་གཞུང་གིས་དམིགས་བསལ་དམ་བསྒྲགས་བྱེད་པའི་ཟླ་བ་ཞིག་ཆགས་ཀྱི་ཡོད་ཅིང་། ད་བར་བཙན་བྱོལ་དུ་འབྱོར་ནས་མི་ལོ་ ༦༧ རིང་གི་གཉན་འཕྲང་ཆེ་བའི་དུས་སྐབས་སུ་རྒྱ་གར་གཞུང་གི་མཐུན་འགྱུར་དང་༸གོང་ས་མཆོག་གི་མཛད་འཕྲིན། མི་རབས་རྒན་པ་ཚོས་བློས་བཏང་དང་ལྷག་བསམ་གྱི་ཞབས་འདེགས་ལ་བརྟེན་ནས། གཞིས་ཆགས་དང་བཤད་སྒྲུབ་གཉིས་ལྡན་གྱི་དགོན་སྡེ་ཁག་འཛུགས་སྐྲུན། བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་དང་བཅས་པ་མ་ཉམས་པའི་ཐོག་སླར་གསོ་དང་། རྒྱལ་སྤྱིའི་ཁྱོན་དུ་བོད་ཀྱི་སྐད་ཡིག་དང་ནང་ཆོས་ལ་དོ་སྣང་ཤུགས་ཆེན་པོ་སླེབས་ཐུབ་པའི་གནས་བབ་དེར་ང་ཚོས་དགའ་བ་སྒོམ་འོས་པའི་གནས་སྟངས་ཤིག་ཡིན་པ་གསུངས་སོང་།

Final Budget Session of the 17th Tibetan Parliament-in-Exile Begins in Dharamshala
པར་དབང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས།

ཚོགས་གཙོ་མཆོག་གིས་ད་དུང་ཉེ་བའི་ཆར་རྒྱ་ནག་གི་སྲིད་གྲོས་ཚོགས་ཆེན་དང་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གཉིས་འཚོགས་ཡོད་པའི་གནད་དོན་དང་འབྲེལ་ནས། རྒྱ་ནག་སྲིད་གྲོས་ཚོགས་ཆེན་ནང་རྒྱ་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་དུ་གྲགས་པ་རྒྱལ་མཚན་ནོར་བུས་ཆོས་ཕྱོགས་དང་འབྲེལ་བའི་གཏམ་བཤད་ནང་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་རྒྱུའི་ཐོག་གཏམ་བཤད་ལོགས་སུ་བཏོན་ཡོད་པར། དེར་ཕྱོགས་ཡོངས་ནས་དོ་སྣང་བྱེད་དགོས་གལ་ཡིན་པ་མ་ཟད། རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱི་ཉིན་མཐའ་མའི་ཐོག་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ཟེར་བ་གཏན་འབེབས་བྱས་ཡོད་སྟབས། ཁྲིམས་ཡིག་དེ་ནི་རྒྱ་ནག་གིས་བཙན་བཟུང་བྱས་པའི་མི་རིགས་དེ་དག་དང་འབྲེལ་བ་ཆགས་ཀྱི་ཡོད་ཅེས་གསུངས་སོང་། ཁྲིམས་ཡིག་དེའི་ནང་དོན་ཚན་ ༦༥ ཡོད་པར་དོན་ཚན་མང་ཆེ་བ་བོད་མི་དང་འབྲེལ་བ་ཡོད་པ་གང་ཞིག དོན་ཚན་ ༡༥ དེ་བཞིན་སྤྱི་སྐད་དམ་རྒྱ་སྐད་བཀོལ་སྤྱོད་གཙོ་བོར་བཟུང་སྟེ། བོད་ཀྱི་སྐད་ཡིག་ལ་ཤུགས་རྐྱེན་འགྲོ་གིན་ཡོད་པ་གསལ་པོ་ཡིན་པར་བརྟེན། ད་ལྟའི་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ཁྲིམས་ཡིག་དེའི་ཐོག་གླེང་སློང་ཤུགས་ཆེར་བྱེད་བཞིན་ཡོད་པ་དང་། ལྷག་པར་ང་ཚོ་གནད་དོན་དེར་ཐད་ཀར་འབྲེལ་བ་ཆགས་ཀྱི་ཡོད་སྟབས། མ་འོངས་པར་དེའི་ཐོག་ཉམས་ཞིབ་བྱས་ཏེ་ཐེར་འདོན་དང་། ཞུ་སྐུལ་གནང་རྒྱུ། རྒྱ་ནག་གཞུང་ལ་ཡང་དེ་འབྲེལ་བརྡ་ལན་སྤྲད་དགོས་པའི་དུས་ལ་བབས་ཡོད་པའི་བརྡ་ལན་གནང་སོང་།

མ་ཟད་ཚོགས་གཙོ་མཆོག་གིས་བོད་ཀྱི་སྐད་ཡིག་ནི་སྐད་ཡིག་ཕྱུག་པོ་ཞིག་ཡིན་ཞིང་། ཚིག་ཕྱུག་པོ་བེད་སྤྱོད་བྱེད་པ་དེ་ནི་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་ཞབས་འདེགས་ཆགས་ཀྱི་ཡོད་སྟབས། དེའི་ཐོག་དགོངས་པ་བཞེས་ནས་ཡར་རྒྱས་དང་ཉམས་ཆགས་མ་འགྲོ་བ་བྱ་དགོས་རྒྱུ་ནི་གལ་ཆེན་པོ་ཆགས་ཀྱི་འདུག་ཅེས་ནན་བརྗོད་གནང་སོང་།

Final Budget Session of the 17th Tibetan Parliament-in-Exile Begins in Dharamshala
པར་དབང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས།

དེ་རིང་གི་ལས་ཉིན་དང་པོར་ཚོགས་གཙོ་མཆོག་གི་གསུང་བཤད་གྲུབ་མཚམས། ༸སྐུའི་གཅུང་པོ་དམ་པ་སྤྱི་ཟུར་མངའ་རིས་རིན་པོ་ཆེ་བསྟན་འཛིན་ཆོས་རྒྱལ་མཆོག་ལ་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱིས་རྗེས་དྲན་གྲོས་ཆོད་གྲོས་འཆར་འདོན་གནང་སོང་།

གཞན་ཡང་དེ་རིང་དཔལ་འབྱོར་བཀའ་བློན་དང་སྲིད་སྐྱོང་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༦ དང་ ༢༠༢༧ ལོའི་སྔོན་རྩིས་འགོད་འབུལ་གྱིས་གསུང་བཤད་དང་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོ་སྙན་སྒྲོན་དང་དེའི་ཐོག་བགྲོ་གླེང་གནང་ཡོད་པ་རེད།

Final Budget Session of the 17th Tibetan Parliament-in-Exile Begins in Dharamshala
པར་དབང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས།

རྩ་བའི་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པ་འདི་བཞིན་དེ་རིང་ནས་དབུ་འཛུགས་ཀྱིས་ཟླ་བ་འདིའི་ཚེས ༣༠ བར་ལས་ཉིན་ ༡༣ རིང་འཚོག་གི་ཡོད་ཅིང་། ཚོགས་དུས་ཐོག་གཙོ་བོར་སྔོན་རྩིས་གཏན་འབེབས་གནང་རྒྱུ་དང་། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར། མཛད་གཙོ་རྣམ་པ་འཕོ་འགྱུར་དང་འབྲེལ་བའི་ཁྲིམས་བཟོའི་ལས་དོན་ཁག་གཅིག དེ་བཞིན་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་དང་། རྒྱལ་རྟགས་ཀྱི་བཟོ་དབྱིབས་དང་། མཆོན་མདོག བོད་ཀྱི་རྒྱལ་གླུའི་གདངས་དབྱངས་རིང་ཐུང་བཅས་ཚད་མཐུན་གཅིག་འགྱུར་ཡོང་ཆེད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཆེད་འཛུགས་གནང་བའི་རྒྱལ་དར་དང་རྒྱལ་རྟགས། རྒྱལ་གླུ་ཚོགས་ཆུང་གི་གྲུབ་དོན་སྙན་ཐོ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མང་གཙོ་དང་། སྤྱི་འཐུས་ལྷན་ཚོགས་སུ་བསྩལ་བའི་བཀའ་སློབ་ཁག་དེབ་གཟུགས་སུ་ཕྱོགས་སྒྲིག་དང་། བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ་ཞེས་པའི་བཙན་བྱོལ་བོད་མིའི་མང་གཙོ་འཕེལ་རིམ་གྱི་དཔེ་དེབ་ཁ་བསྐོང་རྩོམ་སྒྲིག་ཚོགས་ཆུང་གི་གྲུབ་དོན་སྙན་ཐོ་ཞིག་ཀྱང་ཕེབས་ཀྱི་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།