Tibetan Royal Year of 2151 | Year of the Wood Dragon

Day1

སྐབས་ ༡༧ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པ་དབུ་འཛུགས།

སྐབས་ ༡༧ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པ་དབུ་འཛུགས།

ཉིན་འཁྱོངས་རིང་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་བཀའ་བསྡུར།

ཉིན་འཁྱོངས་རིང་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་བཀའ་བསྡུར།

ཁྲིམས་ཞིབ་པ་བསྐོ་གཞག་སླད་བཅའ་ཁྲིམས་བསྐྱར་བཅོས་དགོས་པའི་རེ་འབོད་ཁྲོད་གྲོས་ཚོགས་ཚོགས་དུས་དྲུག་པ་དབུ་འཛུགས།

ཁྲིམས་ཞིབ་པ་བསྐོ་གཞག་སླད་བཅའ་ཁྲིམས་བསྐྱར་བཅོས་དགོས་པའི་རེ་འབོད་ཁྲོད་གྲོས་ཚོགས་ཚོགས་དུས་དྲུག་པ་དབུ་འཛུགས།

སྐབས་ ༡༧ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པ་དབུ་འཛུགས་གནང་བ།

དེ་རིང་བཞུགས་སྒར་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་སུ་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པ་དབུ་འཛུགས་དང་སྦྲགས། གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གྲོས་འཆར་ ༣ གཏན་འབེབས་དང་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཐོག་བགྲོ་གླེང་གནང་སོང་།དེ་རིང་ཕྱི་ཟླ་ ༩ ཕྱི་ཚེས་ ༧ ཉིན་རྒྱབ་ཚོུད་ ༡༌༣༠ ཐོག་བཞུགས་སྒར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་སུ་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པ་དབུ་འཛུགས་གནང་བ་དང་སྦྲགས། ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཚོགས་དུས་དབུ་འཛུགས་ཀྱི་གསུང་བཤད་གནང་བར་དེ་རིང་སྔ་དྲོ་བོད་མིའི་ཚོགས་པ་ལྔས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སྐབས་མཆོག་གིས་ཉེ་ལམ་ལ་དྭགས་ཁུལ་གྱི་མཛད་འཆར་ཁག་ལེགས་པར་གྲུབ་རྗེས་རྒྱལ་ས་ལྡི་ལིར་༸སྐུའི་འཕྲོོད་བཞེས་བརྟག་དཔྱད་གནང་འབྲས་སུ་༸སྐུའི་འཕྲོད་བཞེས་ལེགས་པོ་ཡོད་པར་བཀའ་སྩལ་བ་དེར་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས་པ་དང་ཆབས་ཅིག ང་ཚོར་གྲོས་ཚོགས་དང་སྲིད་འཛིན་གྱི་ལམ་ལུགས་གཉིས་ཀའི་ལེགས་ཆ་ལྡན་པའི་སྐུ་ཚབ་ཀྱི་མང་གཙོའི་སྒྲོམ་གཞི་ཧ་ལས་པ་ཞིག་ཡོད་སྐོར་དང་འབྲེལ། སྤྱིར་མང་གཙོའི་ཁྲོད་ལྟ་གྲུབ་དང་བསམ་བློ་མི་འདྲ་བ་མང་པོ་ཡོང་གི་ཡོད་ཀྱང་། ད་ལྟའི་ཆར་ང་ཚོར་མང་གཙོའི་ལམ་ལུགས་ལ་ངེས་རྙེད་མི་དམན་པ་ཞིག་བྱུང་ཡོད། དེས་ན་རང་རེའི་རྩ་དོན་འཐབ་རྩོད་ཀྱི་སྒྲིག་འཛུགས་འདི་ཉིད་ནུས་ལྡན་ཚགས་ཚུད་དང་བོད་མིའི་ཆིག་སྒྲིལ་བཅས་ཉམས་དམས་སུ་མི་འགྲོ་བ་དགོས་པ་ནི་བཙན་བྱོལ་བོད་མིའི་མང་གཙོའི་ཚེ་སྲོག་ལྟ་བུ་གལ་ཆེ་ཤོས་ཤིག་ཆགས་ཡོད་པ་གསུངས་སོང་།དེ་བཞིན་ཚོགས་གཙོ་མཆོག་གིས་དེང་སྐབས་རྒྱ་ནག་ནང་བསམ་བློ་དང་ལྟ་གྲུབ་མི་འདྲ་བ་ཡོང་བཞིན་པའི་འགྱུར་ལྡོག་འགྲོ་བཞིན་ཡོད་ཀྱང་རྒྱ་ནག་གཞུང་གི་མཁྲེགས་འཛིན་གྱི་སྲིད་བྱུས་རྣམས་མུ་མཐུད་གནས་རྒྱུ་ཡིན་པར་མངོན་རྒྱུ་ཡོད་སྐོར་དང་འབྲེལ། རྒྱ་ནག་གཞུང་གི་བོད་ཐོག་བཞུགས་མོལ་ཚོགས་འདུ་ཐེངས་ ༧ པའི་གྲུབ་དོན་ཁག་དང་སྔ་ལོར་སྲིད་འཛིན་ཞི་ཅིན་ཕིང་བོད་ཀྱི་རྒྱལ་ས་ལྷ་སར་འགྲོ་ཡོད་པ་སོགས་ཀྱི་ཁྲོད། བོད་ནང་མི་རིགས་མཉམ་བསྲེས་བྱ་རྒྱུའི་ལྟ་གྲུབ་སྐོར་ནན་བཤད་བྱས་པ་དེ་དག་ལ་གཞིགས་ན། རྒྱ་ནག་ཞུང་གིས་བོད་མི་རིགས་རྩ་མེད་བཟོ་རྒྱུའི་འཆར་གཞི་དང་དམིགས་ཡུལ་འཛིན་བཞིན་ཡོད་པ་གསལ་པོ་ཆགས་ཡོད་སྐོར་གསུངས་ཡོད། ལྷག་པར་དེང་སྐབས་བོད་ནང་དུ་ཏོག་དབྱིབས་གཉན་རིམས་དང་ས་ཡོམ། དེ་བཞིན་ཆུ་ལོག་བཅས་ཀྱི་ངལ་བ་ཆེ་བའི་ཛ་དྲག་གནས་སྟངས་བྱུང་བ་ཁག་ལ་གདུང་སེམས་མཉམ་བསྐྱེད་དང་དཀའ་སྡུག་འོག་ནས་འགྲོལ་ཐུབ་པའི་ཐུགས་སྨོན་གནང་དགོས་གལ་ཡིན་པ་དང་། དེ་བཞིན་བོད་ནང་དུ་ཆབ་སྲིད་ཀྱི་ཐོག་ནས་མངོན་པར་གསལ་བ་དང་མངོན་པར་མི་གསལ་བའི་ཐོག་ནས་དཀའ་ངལ་ཤུགས་ཆེར་འཕྲད་བཞིན་པ་གསལ་རྟོགས་ཐུབ་ཀྱི་ཡོད་པ་སོགས་གསུངས་ཏེ་བོད་ང་ཚོས་དེ་འབྲེལ་གདོང་ལེན་གནང་ཕྱོགས་བཅས་ལ་དགོངས་པ་བཞེས་དགོས་ཞེས་གཞེན་སྐུལ་གནང་ཡོད།རྩ་བའི་ཐེངས་འདིའི་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་འདུས་ ༤ པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་ལས་ཁུངས་ཁག་གི་ལོ་འཁོར་ལས་སྡོམ་སྙན་སྒྲོན་དང་དེ་དག་ཐོག་བགྲོ་གླེང་གནང་རྒྱུ། དེ་བཞིན་བཅའ་ཁྲིམས་དང་ཁྲིམས་སྒྲིག་སྐྱར་བཅོས་ཀྱི་ལས་རིམ་ཁག་ཅིག་དང་། གངས་ལྗོང་དཔལ་འབྱོར་ཞབས་ཞུ་ཁང་གི་གནས་སྟངས་ཇི་ཆགས་རྟོགས་ཞིབ་གནང་པའི་སྙན་ཐོར་བགྲོ་གླེང་སོགས་གནང་གི་ཡོད་པ་རེད། པར་ཁག བོད་མིའི་སྒྲིག་འཛུགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས།

སྐབས་ ༡༧ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ་དབུ་འཛུགས།

དེ་རིང་ཕྱི་ཟླ་ ༣ ཕྱི་ཚེས་ ༡༤ ཉིན་བཞུགས་སྒར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་སུ་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ་དབུ་འཛུགས་གནང་བ་དང་སྦྲགས། ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཚོགས་དུས་དབུ་འཛུགས་ཀྱི་གསུང་བཤད་གནང་བར་བོད་ནང་གི་ཛ་དྲག་གནས་སྟངས་དང་ད་ལྟའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་ཆེན་པོ་འགྲོ་བཞིན་པའི་ཁྲོད་རྒྱ་ནག་ལ་ཤུགས་རྐྱེན་གང་དང་གང་ཐེབས་པ་སོགས་ཀྱི་ཐོག་འབྲེལ་ཡོད་ཚང་མས་དོ་སྣང་དང་གོ་སྐབས་དམ་འཛིན་གནང་སྟེ་རྒྱལ་སྤྱིའི་ཐོག་བོད་དོན་ཞུ་གཏུག་གཙོས་པའི་ལས་འགུལ་སྤེལ་གལ་ཆགས་ཀྱི་འདུག་ཅེས་གསུངས་སོང་།ཚོགས་གཙོ་མཆོག་གིས་ཐེངས་འདིའི་གྲོས་ཚོགས་ཀྱི་ཚོགས་དུས་གཉིས་པའི་ཐོག་དེ་སྔ་གྲོས་ཚོགས་ཚོགས་མ་ཐུབ་པའི་གནས་སྟངས་སོགས་ཀྱི་ཁྲོད་ལུས་པའི་བཀའ་ཤག་སྐབས་གོང་མའི་ཕྱི་ལོ་ ༢༠༢༠ ལོའི་ཕྱི་ཟླ་ ༤ ཚེས་ ༡ ནས་ ༢༠༢༡ ཕྱི་ཟླ་ ༣ ཕྱི་ཚེས་ ༣༡ བར་གྱི་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་ལོ་འཁོར་ལས་བསྡོམས་ཐོག་བགྲོ་གླེང་གནང་རྒྱུ་ཡིན་པར་གསུངས་པ་དང་ཆབས་ཅིག འདས་པའི་དུས་ཚོད་ནང་སྐབས་ ༡༧ པའི་གྲོས་ཚོགས་འཐུས་མི་རྣམས་ནས་ས་གནས་ཁག་ལ་འཚམས་གཟིགས་དང་རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་གནང་བ་སོགས་སྙན་སེང་ཞུས་ཡོད།ལྷག་པར་དུ་ཚོགས་གཙོ་མཆོག་ནས་ཆབ་སྲིད་ཀྱི་གནད་དོན་དང་འབྲེལ་ཏེ་བོད་ཀྱི་གཞས་པ་གྲགས་ཅན་ཚེ་དབང་ནོར་བུ་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་ཅན་གྱི་སྲིད་བྱུས་ཁག་ལ་ཞི་རྒོལ་ཆེད་རང་ལུས་མེར་བསྲེགས་གནང་སྟེ་འདས་གྲོངས་སུ་གྱུར་བའི་གནས་ཚུལ་དངོས་བདེན་དུ་གྱུར་བ་དང་རྒྱ་ནག་གཞུང་གིས་སྒོ་ཤེས་རབ་རྒྱ་མཚོ་ལགས་ལ་ལོ་ངོ་ ༡༠ ཡི་བཙོན་འཇུག་ཁྲིམས་ཐག་བཅད་པ། ཁམས་བྲག་མགོ་ནང་གི་གནས་སྟངས་ཛ་དྲག་ཆགས་ཡོད་པ་སོགས་བོད་ནང་གི་གནད་དོན་ཁག་ཅིག་མངོན་གསལ་དང་། དེ་བཞིན་རྒྱལ་སྤྱིའི་ཐོག་ ཆབ་སྲིད་ཀྱི་འགྱུར་འགྲོས་ཆེན་པོ་འགྲོ་བཞིན་པའི་ཁྲོད་འདིར་རྒྱ་ནག་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་བཞིན་པ་དེ་དག་ཐོག་འབྲེལ་ཡོད་ཚང་མས་དོ་སྣང་གནང་སྟེ་རྒྱལ་སྤྱིའི་ཐོག་བོད་དོན་ཞུ་གཏུག་གཙོས་པའི་ལས་འགུལ་སྤེལ་གལ་ཆགས་ཀྱི་འདུག་ཅེས་གསུངས་སོང་།ཚོགས་གཙོའི་དབུ་འབྱེད་གསུང་བཤད་གྲུབ་མཚམས་སུ་ཉེ་ཆར་ཕྱི་ཟླ་ ༢ ཕྱི་ཚེས་ ༢༥ ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་རྩེ་པོ་ཏ་ལའི་མདུན་ཐང་དུ་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་ཅན་གྱི་སྲིད་བྱུས་ཁག་ལ་ཞི་རྒོལ་ཆེད་རང་ལུས་མེར་བསྲེགས་གནང་སྟེ་འདས་གྲོངས་སུ་གྱུར་བ་བོད་ཀྱི་གཞས་པ་གྲགས་ཅན་ཚེ་དབང་ནོར་བུ་ལགས་དང་དེ་བཞིན་བོད་མི་དང་བོད་སྤྱིའི་རྩ་དོན་གྱི་ལས་འགུལ་སོགས་ལ་ཡུན་རིང་ནས་རྒྱབ་སྐྱོར་གནང་མྱོང་མཁན་༸གོང་ས་མཆོག་གི་ཆེས་ཐུགས་ཉེ་བའི་མཛའ་གྲོགས་ཡི་ཤུའི་བླ་ཆེན་སྐུ་ཞབས་དམ་པ་ Archbishop Desmond Tutu མཆོག་དང་། ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་རྒྱ་གར་དབུས་གཞུང་གི་བློན་ཆེན་གནང་མྱོང་མཁན་སྐུ་ཞབས་དམ་པ་ Virbhadra Singh མཆོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཟུར་པ་སྐུ་ཞབས་དམ་པ་ཁྲི་འདུ་དཔོན་འཆི་མེད་རྣམ་རྒྱལ་མཆོག་དང་སྤྱི་འཐུས་ཟུར་པ་སྐུ་ཞབས་དམ་པ་འབྲོག་སྨད་ཚེ་བརྟན་ནོར་བུ་ལགས་བཅས་ཀྱི་མཛད་རྗེས་ལ་ཆེ་བསྟོད་དྲན་གསོ་དང་སྦྲགས་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་ཁག་ཅིག་གྲོས་ཚོགས་སུ་སྙན་སྒྲོན་ཞུས་ཡོད།སྐབས་དེར་གྲོས་ཚོགས་འཐུས་མི་ཁག་ཅིག་ནས་གྲོས་ཆོད་གྲོས་འཆར་ཁོངས་སུ་ལོ་རྒྱུས་ཀྱི་གནད་དོན་ཁག་ཁ་གསལ་དགོས་རྒྱུ་དང་གྲོས་ཆོད་གྲོས་འཆར་དེ་དག་དབྱིན་ཡིག་ཐོག་ཕབ་སྒྱུར་གྱིས་འབྲེལ་ཡོད་ཚོ་ལ་ཕུལ་ཐུབ་པ་ཞིག་གནང་དགོས་པའི་དགོངས་ཚུལ་གསུང་མཁན་བྱུང་ཡོད།  གྲོས་ཚོགས་སུ་དེ་བཞིན་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་ད་བར་བོད་བསྟན་སྲིད་མི་རིགས་ཆེད་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློ་བཏང་གནང་བའི་རྒྱལ་གཅེས་པ་ཡོངས་ཀྱི་སྙིང་སྟོབས་ལ་ཡི་རངས་དང་། ཤུལ་ལུས་ནང་མི་ཡོངས་ལ་ཐུགས་གསོ། དེ་བཞིན་རྒྱ་ནག་གཞུང་གིས་བོད་ནང་ལ་དགོན་པ་དང་སྐུ་བརྙེན་གཏོར་བཤིག་སོགས་རིག་གནས་གསར་བརྗེའི་ལས་འགུལ་བསྐྱར་ལོག་བྱེད་བཞིན་པ་དེ་དག་མཚམས་འཇོག་དགོས་པ་དང་།  ༸པཎ་ཆེན་སྐུ་ཕྲེང་ ༡༡ པ་མཆོག་གིས་དབུས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པ། བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་རྒྱ་འབྲེལ་མོལ་གནང་སྟེ་ཞི་འགྲིག་ཡོང་ཐབས་བྱེད་དགོས་པ་སོགས་གྲོས་ཆོད་དོན་ཚན་ ༦ ཅན་གྱི་གྲོས་ཆོད་གྲོས་འཆར་ཞིག་ཕེབས་དོན་ལྟར་སྤྱི་འཐུས་རྣམ་པས་བགྲོ་གླེང་གནང་ཡོད།གཞི་རྩའི་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་གཞུང་འབྲེལ་གྱི་གདུང་སེམས་མཉམ་བསྐྱེད་གྲོས་ཆོད་གྲོས་འཆར་ནང་བོད་འདི་བཞིན་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་གཙོས་དོན་ཚན་ཁག་ཅིག་གསལ་འདོན་དང་ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་དམར་པོ་གཞུང་གིས་བོད་ལ་དྲག་པོའི་བཙན་འཛུལ་བྱས་ཏེ་ད་བར་བོད་བཅིངས་བཀྲོལ་དང་། མང་གཙོ་བཅོས་བསྒྱུར། རིག་གནས་གསར་བརྗེ་ཟེར་བ་སོགས་ཀྱི་མིང་བྱང་སྣ་ཚོགས་འོག་བོད་ཀྱི་སྣོད་བཅུད་གཉིས་ཀྱི་དཔལ་ཡོན་ལ་ཉམས་གུད་ཚད་མེད་བཏང་བ་མ་ཟད། ཉེ་བའི་ལོ་དུས་ནང་རྒྱ་ནག་གཞུང་གིས་ཁམས་བྲག་མགོ་དགོན་གྱི་སྐུ་བརྙན་གཙོས་དགོན་པའི་སློབ་གྲྭ་དང་གྲྭ་ཤག་ཁག་གཏོར་བཤིག་བཏང་བ་དང་། བོད་མིའི་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་ལ་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་སོགས་གསལ་འདོན་གནང་བ་དང་སྦྲགས་ཏེ་རྒྱ་གཞུང་གི་དྲག་པོའི་སྲིད་བྱུས་དེ་དག་ཁྲོད་གཞིས་ལུས་སྤུན་ཟླ་རྣམས་ཀྱིས་རྒྱ་གཞུང་གི་གཉའ་གནོན་དང་བསླུ་བྲིད་ཀྱི་སྲིད་བྱུས་འོག་མགོ་མ་སྒུར་བར་བློས་བཏང་ཆེན་པོས་ལས་འགུལ་སྤེལ་བ་རྣམས་དུས་ནམ་ཡང་ཆུད་ཟོས་སུ་མི་འགྲོ་བར་སེམས་ཤུགས་བསྐྱེད་གཞིར་གྱུར་ཡོད་པ་སོགས་བཀོད་འདུགདེ་རིང་གྲོས་ཚོགས་སུ་གྲོས་ཆོད་གྲོས་འཆར་དེ་དག་ཐོག་སྤྱི་འཐུས་ ༡༥ ཙམ་ནས་བགྲོ་གླེང་གི་ཆ་ཤས་བཞེས་ཏེ་གྲོས་ཆོས་གྲོད་འཆར་དེ་དག་ཚིག་ཐོག་ཏུ་བཀོད་པ་ཙམ་མིན་པར་བཙན་བྱོལ་ནང་ལས་འགུལ་གྱི་རྣམ་པ་ཤུགས་ཆེ་རུ་གཏོང་དགོས་པ་དང་། རྒྱ་གཞུང་གི་བོད་མིའི་བླ་སྤྲུལ་ངོས་འཛིན་ཐོག་ཐེ་བྱུས་བྱེད་བཞིན་པར་ངོས་ལེན་མེད་པ། དེ་བཞིན་ཡུཀ་རེན་ནང་གི་གནད་དོན་དང་འབྲེལ་ཡུལ་དེའི་མི་མང་ལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་ཅིག་ གཏན་འབེབས་དགོས་པ་སོགས་ཀྱི་དགོངས་ཚུལ་གསུང་མཁན་མི་ཉུང་བ་ཞིག་བྱུང་སོང་བ་དང་། ཚོགས་གཙོ་མཆོག་ནས་གཞུང་འབྲེལ་མྱ་ངན་གུས་འདུད་དང་། གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དེར་ཁ་སྣོན་དགོས་རིགས་སོགས་ལ་དམིགས་ཏེ་སང་སྔ་དྲོར་འཕྲོ་སྐྱོང་གནང་རྒྱུའི་ལམ་སྟོན་གནང་ཡོད།སྐབས་དེར་སྤྱི་འཐུས་ཁག་ཅིག་ནས་ཉེ་ལམ་ཚེ་དབང་ནོར་བུ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བའི་གནད་དོན་ལས་འཕྲོས་ཏེ་རང་ལུས་མེར་སྲེག་མི་གནང་བའི་འབོད་སྐུལ་དང་། བོད་མིའི་ངོས་ནས་རྒྱལ་སྤྱིའི་ཐོག་འཇམ་པོའི་སྟོབས་ཤུགས་ཤུགས་ཆེ་རུང་གཏོང་གལ་ཡིན་པ། དེ་བཞིན་ཁག་ཅིག་གིས་ཕྱི་ལོ་ ༢༠༠༨ ལོར་བོད་རྒྱ་འབྲེལ་མོལ་གྱི་བརྒྱུད་རིམ་ཁྲོད་རྒྱ་ནག་གི་སྐུ་ཚབ་ལ་སྤྲད་པའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་དེ་དུས་ཚོད་ངེས་ཅན་ཞིག་ནང་ཕྱིར་འཐེན་གནང་དགོས་སྐོར་གསུངས་ཡོད།གཞི་རྩའི་དེ་རིང་ནས་དབུ་འཛུགས་ཀྱིས་ཕྱི་ཚེས་ ༡༨ བར་ཚོགས་རྒྱུའི་གྲོས་ཚོགས་འདི་ནི་ཕྱི་ལོ་ ༢༠༢༠ ལོའི་ཕྱི་ཟླ་ ༤ ཚེས་ ༡ ནས་ ༢༠༢༡ ཕྱི་ཟླ་ ༣ ཕྱི་ཚེས་ ༣༡ བར་གྱི་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་དང་འབྲེལ་བའི་ཐོག་བགྲོ་གླེང་གནང་རྒྱུའི་ལས་བསྡོམས་གྲོས་ཚོགས་ཆགས་ཀྱི་ཡོད་པ་དང་། དེའི་རྗེས་སུ་ཟླ་ ༣ ཚེས་ ༢༡ ནས་ ༣༡ བར་སྐབས་༡༧ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༣ པ་དེ་འཚོགས་གཏན་ཁེལ་དོན་ལྟར་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༢༢་༢༣ ལོའི་སྔོན་རྩིས་གཏན་འབེབས་གནང་རྒྱུ་ཡིན་པ་རེད། པར་ཁག བོད་མིའི་སྒྲིག་འཛུགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས།

ཆོས་རིག་ལས་ཁུངས་ཀྱི་རྩིས་ལོ་ ༢༠༢༠་༢༡ ལོ་འཁོར་ལས་བསྡོམས་ཐོག་བགྲོ་གླེང་།

དེ་རིང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༢ པའི་ལས་ཉིན་དང་པོའི་ཉིན་རྒྱབ་ཀྱི་ཚོགས་དུས་སྐབས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་དང་བགྲོ་གླེང་གི་ལས་རིམ་ཐོག་ཕེབས་ཡོད་པ་རེད།སྔ་ལོར་གྲོས་ཚོགས་དུས་ཐོག་ལ་ཚོགས་མ་ཐུབ་པ་སོགས་ཀྱི་གནས་སྟངས་རྐྱེན་གྱིས་དེ་རིང་སྲིད་སྐྱོང་དང་ཆོས་རིག་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་གྲོས་ཚོགས་ཀྱི་དབུས་སུ་སྐབས་གོང་མའི་ཆོས་རིག་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༢༠ ལོའི་ཕྱི་ཟླ་ ༤ ཚེས་ ༡ ནས་ཕྱི་ལོ་ ༢༠༢༡ ལོའི་ཕྱི་ཟླ་ ༣ ཚེས་ ༣༡ བར་གྱི་ལས་ཡུན་ནང་ལས་དོན་གང་གནང་བ་དང་གྲུབ་འབྲས་ཇི་སོན་གྱི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་ཤིག་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་བ་དང་། ཆོས་རིག་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་རྒྱས་པར་སྤྱི་འཐུས་རྒྱུན་ལས་ནས་གཟིགས་ཞིབ་གནང་ཡོད་པ་དང་དེར་དམིགས་བསལ་དོགས་འདྲི་སོགས་བྱུང་མེད་སྟབས་སྤྱི་འཐུས་རྒྱུན་ལས་ཀྱི་ངོས་ནས་ཞིབ་འཇུག་སྙན་ཐོ་གང་ཡང་བསྣམས་མེད་སྟབས་ལོ་འཁོར་ལས་བསྡོམས་སྙིང་བསྡུ་ཐོག་སྤྱི་འཐུས་བཅིུས་ཀྱིས་ཆ་ཤས་བཞེས་ཏེ་བགྲོ་གླེང་ལྷུག་པོ་གནང་སོང་།སྐབས་དེར་ཆ་ཤས་བཞེས་མཁན་སྤྱི་འཐུས་ཕལ་མོ་ཆེས་རྒྱ་ནག་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་གཉན་རིམས་ཁྱབ་གསལ་གྱི་རྦ་རླབས་རིམ་པའི་ཁྲོད་དུ་བསྟན་བདག་བླ་ཆེན་རྣམ་པས་དབུ་ཁྲིད་པའི་གདན་ས་དང་དགོན་སྡེ་ཁག་གི་ངོས་ནས་ས་གནས་མི་མང་རྣམས་ལ་གཟེངས་སུ་ཐོན་པའི་སྔོན་ཁབ་མཁོ་སྒྲུབ་གནང་བར་བསྔགས་བརྗོད་ཞུས་པ་ལྟར་སྲིད་སྐྱོང་དང་ཆོས་རིག་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་ཀྱང་བཀའ་ཤག་གི་ངོས་ནས་དེ་དེ་བཞིན་ངོས་འཛིན་གནང་གི་ཡོད་པར་གསུངས་པ་དང་ཆབས་ཅིག  གཉན་རིམས་ཁྱབ་གདལ་གྱི་དུས་སུ་སྤྱི་ཚོགས་ནང་བསམ་བློ་མ་མཐུན་པའི་གནས་སྟངས་ཕྲན་བུ་བྱུང་ཡང་མི་མང་སྤྱི་ལ་དཀའ་ངལ་འཕྲད་སྐབས་རྡོག་རྩ་གཅིག་སྒྲིལ་གནང་ནས་མིག་དཔེ་འོས་པའི་ཕྱག་ལས་གནང་བར་བསྔགས་བརྗོད་གནང་སྟེ། སྐབས་དེ་དང་དེའི་ཚེ་བོད་མིའི་སྤྱི་ཚོགས་ཁྲོད་དུ་སྤྱི་ཚོགས་ལ་སྨན་པའི་ཕྱག་ལས་གནང་མཁན་ཀུན་ལ་ཆེ་བསྟོད་ཀྱི་ཕྱག་འཁྱེར་གནང་འཆར་ཡོད་སྐོར་གསུངས་སོང་། བགྲོ་གླེང་ཐོག་གཞུང་ཆེན་རིགས་གཅིག་རྐང་འཛིན་གྱི་བསླབ་པ་མཐར་སོན་པའི་གནད་དོན་དང་འབྲེལ་ནས་རིགས་གཅིག་རྐང་འཛིན་པ་རྣམ་པའི་སྤྱི་ཚོགས་ནང་ཐུགས་འགན་བཞེས་ཕྱོགས་དང་བསླབ་མཐར་སོན་པ་རྣམས་ཀྱི་བརྩམས་ཆོས་ཁག་ལ་གཟིགས་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་མཐུན་པ་ཞིག་བྱུང་མིན་གྱི་དོགས་འདྲི་གནང་བཞིན་ཡོད་སྐོར་གསུངས་པ་དང་སྦྲགས། སླད་མར་ཆོས་རིག་ལས་ཁུངས་ནས་༸གོང་ས་མཆོག་གི་དགོངས་པ་དང་མཐུན་པ་ཞིག་གནང་ཐུབ་པའི་རེ་བ་ཡོད་ཅེས་ཞུས་པ་ལྟར་ཆོས་རིག་བཀའ་བློན་མཆོག་གིས་ཁོང་རྣམ་པའི་བརྩམས་ཆོས་ལ་གཟིགས་རྒྱུ་བྱུང་མེད་པ་དང་ཅི་སྟེ་༸གོང་ས་མཆོག་གི་དགོངས་པ་དང་མཐུན་པ་ཞིག་བྱུང་མེད་ཚེ་བསྐྱར་ཞིབ་གནང་རྒྱུ་ཡིན་ཞེས་གསུངས་ཡོད།ཆོས་རིག་ལས་ཁུངས་ཀྱི་ལས་བསྡོམས་དང་འབྲེལ་བའི་བགྲོ་གླེང་ཐོག་གཞན་ཡང་ད་སྐབས་བྱེས་ཀྱི་གདན་ས་ཁག་ཏུ་བརྒྱ་ཆ་ ༦༦ ལྷག་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་དགེ་བཙུན་ཆགས་ཡོད་པའི་གནད་དོན་དང་འབྲེལ། ཧི་མཱ་ལ་ཡའི་རི་རྒྱུད་ནི་བདེ་འཇགས་དང་སྲུང་སྐྱོབ་ཀྱི་ཆ་ནས་རྒྱ་གར་ལ་གནད་འགག་ཆེན་པོ་ཆགས་ཡོད་སྟབས། འཛིན་སྐྱོང་བཀའ་ཤག་གི་ངོས་ནས་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་དགེ་བརྩུན་རྣམས་ལ་བསླབ་པ་སློབ་གཉེར་ཐད་རྒྱ་གར་དབུས་གཞུང་དང་འབྲེལ་ཡོད་ས་གནས་གཞུང་སོ་སོ་ནས་རོགས་རམ་ཞུ་རྒྱུ་དང་འབྲེལ་བའི་དོགས་འདྲི་དང་དགོངས་འཆར་ཕེབས་པ་བཞིན། སྲིད་སྐྱོང་མཆོག་གིས་གནད་དོན་དེའི་ཐོག་འབྲེལ་ཡོད་ཚོར་འབྲེལ་བ་ཞུ་བཞིན་ཡོད་སྐོར་གསུངས་པ་མ་ཟད་ཨ་རུ་ནཱ་ཅལ་མངའ་སྡེའི་གཞུང་ལ་ཞུ་སྐུལ་ཁག་ཅིག་ཀྱང་ཞུས་ཡོད་ཅེས་གསུངས་སོང་།དེ་རིང་གི་བགྲོ་གླེང་ཐོག་གཞན་ཡང་སྤྱི་འཐུས་ཁག་ཅིག་གིས་དགོན་སྡེ་ཁག་གི་དཔེ་ཁྲིད་དང་སྐད་ཡིག་དགེ་རྒན་གྱི་གནད་དོན་དང་འབྲེལ། ཆོས་རིག་ལས་ཁུངས་ཀྱི་ངོས་ནས་དཔེ་ཁྲིད་དགེ་རྒན་རྣམས་ལ་ཟླ་རེར་དོད་སྒོར་ ༣༠༠༠ ལས་མེད་སྟབས་དེར་གསོལ་ཕོགས་ཞེས་པའི་ཐ་སྙད་སྤྱོད་པ་དེ་འོས་པ་ཞིག་མེད་པར་བརྟེན་མ་འོངས་པར་མིང་འདོགས་སྟངས་ལ་དགོངས་བཞེས་གནང་དགོས་པ་དང་། དེ་བཞིན་གསོལ་ཕོགས་དོད་དུས་ཐོག་ལ་གནང་མིན་གྱི་བཀའ་འདྲི་ཁག་ཅིག་ཀྱང་ཕེབས་ཡོད་པ་རེད། པར་ཁག བོད་མིའི་སྒྲིག་འཛུགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས།

སྐབས་༡༧ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོ་དབུ་འཛུགས།

དེ་རིང་ཕྱི་ཟླ་ ༡༠ ཕྱི་ཚེས་ ༡༡ ཉིན་བོད་མི་མང་སྤྱི་འཐུས་གྲོས་ཚོགས་སུ་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོ་དེ་ཚོགས་ཡོད་པ་ལྟར། ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཚོགས་དུས་དབུ་འཛུགས་ཀྱི་གསུངས་བཤད་ཁྲོད་དུ་སྐབས་ ༡༧ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འཐུས་མི་སྤྱི་དང་ལྷག་པར་དུ་ད་རེས་གསར་དུ་ཕེབས་པའི་སྤྱི་འཐུས་ ༡༨ ལ་འཚམས་འདྲི་དང་སྦྲགས། སྤྱི་འཐུས་ཚང་མས་སྤྱི་པའི་ལས་དོན་ཐོག་ནུས་པ་མཉམ་སྤུངས་གནང་རྒྱུ་དེ་གལ་ཆེན་པོ་ཡིན་པ་གསུངས་སོང་།ཚོགས་གཙོ་མཆོག་ནས་ཐེངས་འདིའི་གྲོས་ཚོགས་ཀྱི་ལས་རིམ་ཁག་ངོ་སྤྲོད་དང་སྦྲགས། གྲོས་ཚོགས་ཀྱི་ལས་རིམ་སྐབས་སུ་གནད་དོན་མི་འདྲ་མིན་གྲོས་བསྡུར་གནང་སྐབས་བསམ་ཚུལ་མི་འདྲ་བའི་རིགས་བྱུང་ངེས་ཡིན་སྟབས། སྤྱི་འཐུས་རྣམ་པས་གནད་དོན་དང་འབྲེལ་བའི་སོ་སོའི་བསམ་ཚུལ་གང་ཡིན་ཀྱང་སྤུངས་འཐུས་ལས་དེ་མིན་སྤྱི་འཐུས་ཕན་ཚུན་དབར་ཚིག་རྩོད་རིགས་མི་གནང་བའི་རེ་སྐུལ་སོགས་གནང་ཡོད། ཚོགས་གཙོའི་དབུ་འབྱེད་གསུང་བཤད་གྲུབ་མཚམས་སུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་སྐབས་གསར་པའི་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་གཙོས་འཐུས་མི་ཡོངས་ལ་འཚམས་འདྲི་དང་སྦྲགས། འཛིན་སྐྱོང་བཀའ་ཤག་དང་སྤྱི་འཐུས་ནས་འབྱུང་འགྱུར་ལོ་བཞི་དང་ཕྱེད་ཀ་ལྷག་གི་ལས་ཡུན་རིང་མཉམ་རུབ་ཀྱི་ནུས་པ་འདོན་རྒྱུ་གལ་ཆེན་པོ་ཡིན་པ་ལྟར་འཛིན་སྐྱོང་བཀའ་ཤག་གིས་སྤྱི་པའི་ལས་དོན་དང་གྲོས་ཚོགས་ལ་མཐུན་འགྱུར་ཞུ་སྒོ་ཁག་འཐུས་ཚུང་ཞུ་རྒྱུའི་དམ་བཅའ་བརྟན་པོ་ཡིན་པ་དང་། སྤྱི་འཐུས་རྣམ་པ་ཚོས་ཀྱང་དེ་ལྟར་གནང་རྒྱུའི་དམ་བཅའ་བརྟན་པོ་ཡོད་པར་ངོས་འཛིན་ཞུ་བཞིན་ཡོད་ཅེས་གསུངས་སོང་། སྲིད་སྐྱོང་མཆོག་གི་དགའ་བསུའི་འཚམས་འདྲི་གྲུབ་མཚམས་སུ་བོད་མི་དང་བོད་སྤྱིའི་རྩ་དོན་འཐབ་རྩོད་ཀྱི་ལས་འགུལ་སོགས་ཀྱི་ཐོག་ཡུན་རིང་ནས་རྒྱབ་སྐྱོར་གནང་མྱོང་མཁན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་སྐུ་ཚེ་འཕེན་པ་རྗོགས་པ་རྒྱ་གར་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་རྩོད་པ་དང་རྩོམ་པ་པོ་སྐུ་ཞབས་དམ་པ་ Naresh Mathur མཆོག་དང་། རྒྱ་གར་གཞུང་གི་ཁྲིམས་དོན་སྤྱི་ཁྱབ་ཟུར་པ་སྐུ་ཞབས་དམ་པ་ Soli Sorabjee མཆོག དེ་བཞིན་ལག་ནོའི་གྲོང་ཁྱེར་གྱི་སྤྱི་ཁྱབ་ཟུར་པ་སྐུ་ཞབས་དམ་པ་ Dauji Gupta མཆོག་དང་རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་པ་སྐུ་ཞབས་དམ་པ་ Rashtriya Lok Dal མཆོག སྐུ་ཞབས་དམ་པ་ Dwarko Sundrani མཆོག El Salvador རྒྱབ་ཁབ་ནས་ཡིན་པ་སྐུ་ཞབས་དམ་པ་ Alfredo Martinez Moreno མཆོག དེ་སྔ་བོད་མི་མང་སྤྱི་འཐུས་དང་སྲི་ཞུའི་ལས་དོན་སྒྲུབ་མྱོང་ཡོད་པ་སྐུ་ཞབས་དམ་པ་རྒྱལ་ནོར་ཚེ་དབང་ལགས་དང་སྤྱི་ཟུར་བདེ་སྐྱིད་སྒྲོལ་དཀར་ལགས་དམ་པ་བཅས་ཀྱི་མཛད་རྗེས་ལ་ཆེ་བསྟོད་དྲན་གསོ་དང་སྦྲགས་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་ཁག་སྤྱི་མོས་ཀྱིས་གཏན་འབེབས་གནང་ཡོད།དེ་རིང་སྔ་དྲོའི་ཚོགས་དུས་ཐོག་བོད་ནང་གི་ཛ་དྲགས་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་གྲོས་ཚོགས་སུ་སྙོན་སྒྲོན་ཞུས་ཡོད་པ་དང་། གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དེའི་ནང་རྒྱ་ནག་གཞུང་གིས་བོད་ནང་ལ་མི་སེར་སྤེལ་བའི་སྲིད་བྱུས་དང་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་རྒྱུའི་སྲིད་བྱུས་སོགས་ལག་བསྟར་བརྒྱུད་བོད་མིའི་སྐད་ཡིག་དང་རིག་གཞུང་རྩ་མེད་དུ་བཏང་བ་དང་། སློབ་གྲྭ་ཁག་སྒོ་བརྒྱབ་པ། དགོན་སྡེ་གྲྭ་ཚང་ཁག་ལ་ཐེ་ཇུས་ཤུགས་ཆེར་བྱེད་བཞིན་པ་སོགས་ཐེར་འདོན་སྦྲགས། འདི་ལོ་རྒྱ་ནག་གཞུང་གིས་བོད་ཞི་བའི་བཅིངས་འགྲོལ་ཟེར་བ་བཏང་ནས་ལོ་ངོ་ ༧༠ འཁོར་བའི་དུས་སྟོན་བྱས་ཏེ་འཛམ་གླིང་མི་མང་ལ་མགོ་སྐོར་བསླུ་བྲིད་གཏོང་བཞིན་ཡོད་ཀྱང་། དོན་དངོས་ཐོག་དེ་ནི་རྒྱ་ནག་གཞུང་ནས་བོད་ནང་ལ་བཙན་འཛུལ་དྲག་གནོན་བྱས་ནས་ལོ་ངོ་ ༧༠ དང་རྒྱ་ནག་གཞུང་གིས་རྫུབ་གཏམ་ཁོ་ན་བཤད་ནས་ལོ་ངོ་ ༧༠ བཅས་འགྲོ་བཞིན་ཡོད་པ་གསུངས་འདུག ལྷག་པར་དུ་གྲོས་ཆོད་ཀྱི་ནང་དོན་ཁ་གསལ་གནང་བའི་ཁོངས་སུ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་བསྟན་ཆབ་སྲིད་མི་རིགས་དང་བཅས་པའི་ཆེད་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་སྙིང་སྟོབས་ལ་ཡི་རངས་དང་ཤུལ་ལུས་ནང་མི་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཐུགས་གསོ་དང་སྦྲགས། རྒྱལ་གཅེས་པ་རྣམ་པའི་གདུང་འབོད་དང་ཞལ་ཆེམས། མངོན་འདོད་བཅས་ལ་རྒྱ་ནག་གཞུང་ནས་འགན་ཁུར་བདག་སྤྲོད་ངེས་པར་དུ་བྱེད་དགོས་པ། བོད་རྒྱ་འབྲེལ་མོལ་ལམ་ལྷོངས་མ་བྱུང་བ་དེའི་འགན་ཡོངས་རྫོགས་རྒྱ་ནག་གཞུང་ལ་ཡོད་པ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་ཡུ་རོབ་མཐུན་ཚོགས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སོགས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་རྒྱལ་ཁབ་སོ་སོའི་གྲོས་ཚོགས་དང་སྲིད་གཞུང་ཚང་མས་རང་དབང་ཅན་གྱི་རྒྱལ་སྤྱིའི་རྟོག་ཞིབ་ཚོགས་ཆུང་ཞིག་བོད་ནང་ཆེད་གཏོང་གནང་སྟེ་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་ལ་རྟོག་ཞིབ་གནང་དགོས་པ་སོགས་འཁོད་འདུགདེ་རིང་གི་གྲོས་ཚོགས་ལས་རིམ་ཐོག་ཁྲིམས་བཟོའི་ལས་དོན་དང་འབྲེལ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་ཀྱི་ཆ་རྐྱེན་དང་འབྲེལ་བའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་རེ་གསུམ་པའི་ནང་གསེས་གཉིས་པའི་ག་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་ཀྱི་ཆ་རྐྱེན་ཐོག་བསྐྱར་གཅོས་ཀྱི་ཁྲིམས་འཆར་ཞིག་ཕེབས་ཡོད་ཀྱང་། ཁྲིམས་འཆར་དེའི་ཐོག་བགྲོ་གླེང་གནང་སྐབས་དེ་སྔ་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་བཅུ་པའི་ཐོག་བཞག་པའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་འཕོ་འགྱུར་གྱི་གྲོས་ཆོད་དང་བཅའ་ཁྲིམས་ཀྱི་དོན་ཚན་དེ་བསྐྱར་བཅོས་གནང་དང་མི་གནང་ཐོག་གྲོས་བསྡུར་ཤུགས་ཆེར་བྱུང་སོང་།སྐབས་དེར་སྤྱི་འཐུས་ཁག་ཅིག་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་འཕོ་འགྱུར་གྱི་གྲོས་ཆོད་དེ་གཙང་མ་མ་ཆགས་ཀྱི་བར་དུ་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་འབྲེལ་བའི་ལས་དོན་ཚང་མར་དགག་པ་ཡོད་ཅེས་གསུངས་མཁན་བྱུང་ཡོད། ཁག་ཅིག་ནས་ད་ཆ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་གནང་སྟེ་ལོ་ངོ་ ༣༠ ཙམ་འགྲོ་བཞིན་ཡོད་སྟབས་ད་ཡོད་ཀྱི་ཆ་རྐྱེན་དེ་རང་སོར་གནས་གལ་ཡིན་པ་སོགས་གསུང་མཁན་བྱུང་ཡོད།ཁག་ཅིག་ནས་ད་ལྟའི་བསྐྱར་བཅོས་ཁྲིམས་འཆར་འདི་ད་ཡོད་ཁྲིམས་ཞིབ་པ་ཚོ་དང་འབྲེལ་བ་མེད་པར། མ་འོངས་པར་ཁྲིམས་ཞིབ་པ་བསྐོ་གཞག་དང་འབྲེལ་བ་ཡོད་པ་ཞིག་ཡིན་པའི་གསལ་བཤད་དང་། ཡང་ཁག་ཅིག་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་འཕོ་འགྱུར་དང་འབྲེལ་བའི་གྲོས་ཆོད་དེ་བཅའ་ཁྲིམས་དོན་ཚན་ ༥ པའི་དགོངས་དོན་འོག་རང་བཞིན་གྱིས་ནུས་མེད་ཆགས་ཟིན་ཡོད་པ་སོགས་གསུངས་ཏེ་ད་རེས་བསྐྱར་བཅོས་ཀྱི་ཁྲིམས་འཆར་འདིར་རྒྱབ་སྐྱོར་ཡོད་པ་གསུང་མཁན་ཡང་བྱུང་ཡོད།དེ་བཞིན་ཁག་ཅིག་ནས་བཅའ་ཁྲིམས་ལ་བསྐྱར་བཅོས་མ་གནང་གོང་ལ་ད་ཡོད་ཀྱི་དོན་ཚན་ལྟར་ཁྲིམས་ཞིབ་པའི་འོས་མི་ཐོབ་མིན་འབད་བརྩོན་གནང་དགོས་པ་གསུང་མཁན་བྱུང་སོང་ལ། ལ་ལས་རིམ་པས་ད་ཡོད་ཀྱི་ཁྲིམས་ཞིབ་པ་རྣམ་པའི་ལས་ཡུན་ཟིན་པའི་རྗེས་སུ་བཅའ་ཁྲིམས་ཀྱི་དོན་ཚན་འདི་སྐྱར་བཅོས་མ་གནང་བའི་དབང་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྲིམས་ཞིབ་པ་མེད་པའི་གནས་སྟངས་ཆགས་སྲིད་པ་སོགས་གསུང་ཡོད། སྤྱི་འཐུས་རྣམ་པའི་བགྲོ་གླེང་གནང་གྲུབ་མཚམས་སུ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་བཅའ་ཁྲིམས་བསྐྱར་བཅོས་ཀྱི་དོན་ཚན་ཐོག་གསལ་བཤད་དང་སྦྲགས། སྤྱི་འཐུས་རྣམས་ནས་ད་རེས་ཀྱི་བསྐྱར་བཅོས་ཁྲིམས་འཆར་འདི་དང་དེ་སྔ་གྲོས་ཚོགས་སུ་བཞག་པའི་གྲོས་ཆོད་ཡིག་ཆ་ཨང་ ༣༩ དང་འབྲེལ་བ་རྩ་བ་ནས་མེད་པ་དང་། གྲོས་ཚོགས་ནས་ཁྲིམས་འཆར་དེ་བསྐྱར་བཅོས་གནང་མིན་ལ་ལྟོས་མེད་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་མཆོག་རིང་མིན་ཕྱི་ཟླ་ ༡༡ ནང་ལས་ཡུན་གཙང་གི་ཡོད་སྟབས་ཁྲིམས་ཞིབ་པ་ཆེ་བ་མཆོག་གི་མི་འགྲོ་འདེམས་སྒྲུག་ཚོགས་ཆུང་བསྐོ་བཞག་མ་གནང་རང་གནང་ཡིན་སྟབས་གྲོས་ཚོགས་འཐུས་མི་ཚོས་དེ་དོན་དགོངས་པ་བཞེས་རོགས་ཞེས་གསུངས་ཡོད།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་དབུ་འཛུགས།

དེ་རིང་ཕྱི་ཟླ་ ༣ ཚེས་ ༡༥ ཉིན་གྱི་སྔ་དྲོ་ཚོུད་ ༩༌༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་དྷ་ས་གངས་ཅན་སྐྱིད་གཤོངས་ཀྱི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་སུ་ཏོག་དབྱིབས་གཉན་རིམས་སྔོན་འགོག་གི་གནང་སྒོ་ཁག་འཐུས་གཙང་ཕྱག་བསྟར་གནང་སྟེ་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་དབུ་འཛུགས་གནང་སོང་བ་དང་། དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་གསུང་བཤད་དང་འབྲེལ་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༢༡་༢༠༢༢ ལོར་ཕྱོགས་བསྡོམས་འགྲོ་གྲོན་དགོས་དངུལ་སྒོར་ས་ཡ་ ༢༦༩༩་༠༡ འཆར་འབུལ་ཞུས་སོང་།བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་རྒྱ་ནག་ཝུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་གཉན་རིམས་རྐྱེན་གྱིས་ཚང་མར་སྐུ་ངལ་ཧ་ཅང་འཕྲད་པར་མ་ཟད་ད་བར་ལས་དོན་མང་པོ་ཞིག་གནང་མ་ཐུབ་པའི་གནས་སྟངས་བྱུང་ཡོད་སྐོར་གསུངས་པ་དང་སྦྲགས། ད་རེས་སྟབས་ལེགས་པར་དེ་རིང་ཚོགས་བཅར་གནང་མཁན་ཚང་མར་ཏོག་དབྱིབས་ཀྱི་ནད་རྟགས་མེད་པར་བཅར་གནང་བར་བློ་བདེ་པོ་བྱུང་ཞེས་གསུངས་པ་དང་ཆབས་ཅིག ད་ལྟའི་ཆར་རྒྱ་གར་ཁྱོན་ཡོངས་དང་ང་ཚོའི་ཁྱིམ་མཚེས་པན་ཇཱབ་མངའ་སྡེར་འཕེལ་བཞིན་པའི་གནས་སྟངས་ཆགས་ཡོད་སྟབས། ང་ཚོའི་གྲོས་ཚོགས་འདི་ཉིན་གྲངས་བཅོ་ལྔ་རིང་ཆ་ཚང་བ་ཚོགས་ཐུབ་མིན་བརྗོད་དཀའ་སྐོར་གསུངས་སོང་། དེ་བཞིན་ཚོགས་གཙོ་མཆོག་གིས་ད་ལྟའི་ཆར་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ལས་རིམ་འགྲོ་བཞིན་ཡོད་སྟབས། ད་བར་སྔོན་འགྲོའི་ལས་རིམ་ཁྲོད་བཀྲ་མ་ཤིས་པའི་རིགས་གང་ཡང་བྱུང་མེད་ཀྱང་། ད་རེས་གྲོས་ཚོགས་ཀྱི་སྡིངས་ཆ་འདིའི་བརྒྱུད་ནས་སྤྱི་ཚོགས་ནང་ལབ་རྒྱུ་གླེང་རྒྱུ་མེད་པ་ཞིག་བཟོ་དགོས་རྒྱུ་ང་ཚོ་ཚང་མར་འགན་ཡོད་པར་བརྟེན་ཚང་མས་ཐུགས་འགན་བཞེས་ཏེ་གྲོས་ཚོགས་ཀྱི་ལས་རིམ་འདི་བཀྲ་ཤིས་པའི་ངང་ནས་མཇུག་བསྒྲིལ་ཐུབ་མཐུན་འགྱུར་གནང་རོགས་ཞེས་གསུངས་ཡོད། ཚོགས་གཙོའི་དབུ་འབྱེད་ཀྱི་གསུང་བཤད་གྲུབ་མཚམས་སུ་དེ་སྔ་ཕྱི་ལོ་ ༢༠༡༥ ལོར་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་ཅན་གྱི་སྲིད་བྱུས་ཁག་ལ་ཞི་འབོད་དང་སྦྲགས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་འདས་གྲོངས་སུ་གྱུར་བ་བོད་མི་ཤུར་མོ་ལགས་དང་། གཞན་ཡང་འདས་པའི་ལོ་དེའི་ནང་སྐུ་འདས་གྲོངས་སུ་གྱུར་བའི་ཐེ་ཝན་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ Lee Teng-hui ལགས། རྒྱ་གར་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ Pranab Mukherjee ལགས་ཀྱིས་གཙོས་པའི་རྒྱ་གར་དང་རྒྱལ་སྤྱིའི་ཐོག་གི་བོད་དོན་རྒྱབ་སྐྱོར་བ་དང་དེ་བཞིན་སྤྱི་ཟུར་དང་ཚོགས་དྲུང་ཟུར་པ་བཅས་ཚེ་འདས་དམ་པ་ ༡༦ གིས་བོད་དོན་ཆེད་བློས་བཏང་དང་རྒྱབ་སྐྱོར་གནང་བའི་མཛད་རྗེས་ལ་ཆེ་བསྟོད་དང་དྲན་གསོ་ཞུས་པའི་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་ཁག་ ༡༦ སྤྱི་མོས་ཀྱིས་གཏན་འབེབས་གནང་ཡོད།སྔ་དྲོའི་ཚོགས་དུས་ཐོག་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་གྲོས་ཚོགས་སུ་སྙན་སྒྲོན་ཞུས་ཏེ་སྤྱི་འཐུས་རྣམ་པས་བགྲོ་གླེང་གི་ཆ་ཤ་བཞེས་ཡོད་པ་དང་གྲོས་ཆོད་དེའི་སྔོན་གླེང་ནང་ཕྱི་ལོ་ ༡༩༥༩ ལོའི་བར་དུ་བོད་འདི་རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། དགྲ་བོ་རྒྱ་དམར་གཞུང་གིས་བོད་ལ་དྲག་པོའི་བཙན་འཛུལ་བྱས་རྗེས་༸གོང་ས་མཆོག་གིས་དབུས་པའི་བོད་མི་ཁྲི་ཕྲག་མང་པོ་བཙན་བྱོལ་དུ་ཕེབས་ཡོད་པ་དང་། དེ་ནས་རིམ་པས་རྒྱ་དམར་གཞུང་གིས་བོད་ཀྱི་གཙུག་ལག་ཁང་དང་དགོན་སྡེ་ཁག་གཏོར་བཤིག བོད་མི་ས་ཡ་ལྷག་དམར་གསོད། དེ་བཞིན་མི་སེར་སྤེལ་བའི་སྲིད་བྱུས་འོག་རྒྱ་རིགས་མང་པོ་བོད་སར་གནས་སྤོ་བྱས་པ་དང་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བཟོ་རྒྱུའི་སྲིད་བྱུས་འོག་དགོན་སྡེ་ཁག་གི་གྲྭ་བཙུན་ལ་ཚད་བཀག་བཟོས་པར་མ་ཟད། སྐད་གཉིས་སློབ་གསོའི་སྲིད་བྱུས་འོག་གཞི་རིམ་གྱི་སློབ་ཆུང་ཁག་ཏུ་བོད་ཀྱི་སྐད་ཡིག་ཚབ་ཏུ་རྒྱ་ཡིག་སློབ་ཁྲིད་བྱས་པ། བོད་ཀྱི་ས་བཅད་བགོས་བྱས་པའི་ས་ཁུལ་ཕན་ཚུན་ནང་ལ་དམ་དྲག་ཤུགས་ཆེ་བྱེད་བཞིན་པ་སོགས་རྒྱ་གཞུང་གི་བྱེད་བབས་ཁག་ཐེར་འདོན་གནང་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་བསྟན་ཆབ་སྲིད་མི་རིགས་དང་བཅས་པའི་ཆེད་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་གནང་མཁན་གྱི་རྒྱལ་གཅེས་དབའ་བོ་དཔའ་མོ་རྣམས་ཀྱི་སྙིང་སྟོབས་ལ་ཡི་རང་དང་ཤུལ་ལུས་ནང་མི་ཉེ་འབྲེལ་ཡོངས་ལ་གདུང་སེམས་མཉམ་བསྐྱེད། ད་བར་ཤེས་རྟོགས་གསལ་པོ་བྱུང་བ་བཅས་ཁྱོན་དཔའ་བོ་དཔའ་མོ་གྲངས་ ༡༥༥ ཡིས་རང་ལུས་མེར་བསྲེགས་གནང་སྟེ་རྒྱ་གཞུང་ལ་ཞི་རྒོལ་གནང་ཡོད་པ་དང་ཁོང་རྣམ་པའི་གདུང་འབོད་དང་ཞལ་ཆེམས། མངོན་འདོད་བཅས་རྒྱ་ནག་གཞུང་གི་ངོས་ནས་འགན་ཁུར་དགོས་པ་ཞིག་ངེས་པར་དུ་བཟོ་རྒྱུ། རྒྱ་གཞུང་གི་འགོ་ཁྲིད་རྣམས་གུ་དོག་མཁྲེགས་འཛིན་གྱི་ལྟ་བ་དོར་ནས་གཉིས་སྨན་མཉམ་གནས་གུ་ཡངས་བཅས་ཀྱི་ཐབས་ལམ་ལ་བརྟེན་སྟེ་བོད་རྒྱ་འབྲེལ་མོལ་གང་མགྱོགས་དབུ་འཛུགས་གནང་ཐབས་གནང་གནད་ཡིན་པ་སོགས་ཁྱོན་གྲོས་ཆོད་དོན་ཚན་ ༦ གཏན་འབེབས་གནང་ཡོད།  སྐབས་  ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་འདི་ཡོངས་གྲགས་ལ་སྔོན་རྩིས་གྲོས་ཚོགས་ཞེས་འབོད་སྲོལ་ཡོད་པ་ལྟར་ཚོགས་དུས་འདིའི་ཐོག་རྐང་བོད་མིའི་སྒྲིག་འཛུགས་ནས་རྩིས་ལོ་ ༢༠༢༡༌༢༢ ལོའི་ལས་ཁུངས་མ་ལག་དང་བཅས་པའི་སྔོན་རྩིས་བཀའ་འཁྲོལ་གཏན་འབེབས་གནང་གི་ཡོད་པ་ལྟར། དེ་རིང་ཉིན་རྒྱབ་ཚོགས་དུས་ཐོག་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་གསུང་བཤད་དང་འབྲེལ་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༢༡་༢༠༢༢ ལོར་ཕྱོགས་བསྡོམས་འགྲོ་གྲོན་དགོས་དངུལ་སྒོར་ས་ཡ་ ༢༦༩༩་༠༡ འཆར་འབུལ་ཞུས་སོང་བར་མ་ཟད་བཀའ་བློན་མཆོག་གི་གསུང་བཤད་ཁྲོད་ཐེངས་འདིའི་གྲོས་ཚོགས་འདི་ནི་བཀའ་ཤག་སྐབས་བཅོ་ལྔ་པའི་གྲོས་ཚོགས་མཐའ་མ་དང་བསྟུན། བཀའ་ཤག་སྐབས་བཅུ་བཞི་པ་དང་བཅོ་ལྔ་པས་ཐོག་མར་རྩིས་བཞེས་སྐབས་དང་ད་ལྟ་འགྲོ་བཞི་པའི་རྩིས་ལོའི་བར་སྔོན་རྩིས་མ་དངུལ་དང་གཏན་འཇགས་མ་དངུལ། ཟུར་བཀོལ་བཅས་ཀྱི་འཕར་བབས་གནས་སྟངས་ཁག་གསལ་སྟོན་གནང་ཡོད། བཀའ་བློན་མཆོག་གི་གསུང་བཤད་གྲུབ་མཚམས་སུ་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་ཚོགས་ཆུང་གི་སྙན་ཐོ་སྙན་སྒྲོན་གནང་སོང་བ་དང་། གྲོས་ཚོགས་ཀྱི་ལས་ཉིན་རྗེས་མའི་ཐོག་སྔོན་རྩིས་ཀྱི་གནད་དོན་སྤྱི་ཡོངས་ཐོག་བགྲོ་གླེང་དང་གཏན་འབེབས་གནང་རྒྱུ་ཡིན་པ་རེད།གཞི་རྩའི་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་གནས་སྟངས་རྐྱེན་གྱིས་སྔར་ལོའི་སྔོན་རྩིས་གྲོས་ཚོགས་ཉིན་གྲངས་གཅིག་མ་གཏོགས་ཚོགས་ཐུབ་མེད་པ་དང་། དེ་བཞིན་ཕྱི་ཟླ་ ༩ པའི་གྲོས་ཚོགས་དེའང་ཕར་འགྱངས་གནང་བའི་གནས་སྟངས་ཁྲོད་བོད་མི་མང་སྤྱི་འཐུས་རྒྱུན་ལས་དང་ཆེས་མཐོའི་ཁྲིམས་ཞིབ་པའི་དབར་སྒྲིག་གཞི་དང་འབྲེལ་བའི་གླེང་སློང་ཁག་གཅིག་བྱུང་ཡོད། དེ་རིང་ལོ་གཅིག་ཙམ་གྱི་རྗེས་སུ་ཚོགས་པའི་གྲོས་ཚོགས་ཀྱི་ཚོགས་དུས་འདི་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་མཐའ་མ་དེ་ཆགས་ཀྱི་ཡོད་པ་རེད།

Latest news