Tibetan Royal Year of 2151 | Year of the Wood Dragon

1st Session of 17th TPiE

སྐབས་ ༡༧ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པ་དབུ་འཛུགས།

སྐབས་ ༡༧ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པ་དབུ་འཛུགས།

སྐབས་ ༡༧ པའི་སྤྱི་འཐུས་ཀྱི་ལས་བསྡོམས་དང་སྔོན་རྩིས་གྲོས་ཚོགས་ཕྱི་ཟླ་གསུམ་པར་ལྷན་ཚོགས་གནང་འཆར་ཡོད་པ།

དེ་རིང་སྐབས་ ༡༧ པའི་གྲོས་ཚོགས་ཀྱི་ཚོགས་དུས་དང་པོ་མཇུག་སྒྲིལ་དང་སྦྲགས་ཏེ་སྐབས་ ༡༧ པའི་སྤྱི་འཐུས་ཀྱི་ལས་བསྡོམས་དང་སྔོན་རྩིས་གྲོས་ཚོགས་ཕྱི་ལོ་ ༢༠༢༢ ཟླ་ ༣ ནང་ལྷན་དུ་ཚོགས་འཆར་ཡོད་པར་གསུངས་ཡོད།  དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་དང་པོའི་མཇུག་བསྡོམས་གསུང་བཤད་གནང་སྐབས་ཚོགས་དུས་དང་པོའི་ལས་ཉིན་གཉིས་ཀྱི་ལས་རིམ་ཁག་ལ་སྤྱི་འཐུས་རྣམས་ནས་ཆ་ཤས་བཞེས་ཕྱོགས་དང་གྲོས་ཆོད་གྲོས་འཆར་ཁག་གཏན་འབེབས། དེ་བཞིན་བཀའ་ཤག་གི་གསལ་བཤད་ཐོག་བགྲོ་གླེང་སོགས་གནང་བ་འགྲེལ་བརྗོད་དང་འབྲེལ། གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་དང་ལྷག་པར་དུ་གྲོས་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོས་འཛིན་སྐྱོང་བཀའ་ཤག་དང་ལྷན་དུ་ཕྱག་ལས་འགན་མཉམ་འཁུར་དང་ནུས་པ་མཉམ་སྤུངས་གནང་ཐུབ་པར་འབད་བརྩོན་ཆ་ཚང་ཞུ་རྒྱུ་ཡིན་ཞེས་གསུངས་སོང་།ཐེངས་འདིའི་གྲོས་ཚོགས་ཐོག་ཚོགས་གཙོ་མཆོག་གིས་བཀའ་བློན་འོས་བདེམས་བྱུང་བ་རྣམས་ལ་འཚམས་འདྲི་དང་བཀའ་ཤག་གི་ལས་དོན་དང་ཡོང་རྒྱུ་བསྡད་པའི་བཀའ་བློན་གྱི་འོས་འདེམས་དག་ལམ་ལྷོངས་ཡོང་བར་སྨོན་འདུན་ཞུས་པར་མ་ཟད་ད་ལན་གྲོས་ཚོགས་ཚོགས་དུས་ཟིན་པ་དང་སྤྱིར་འདས་པའི་སྐུ་ངལ་རིམ་པ་འཕྲད་ཁག་ལ་བལྟས་ན་སྤྱི་འཐུས་ཀྱི་ལས་བསྡོམས་གྲོས་ཚོགས་བསྐྱང་ཐུབ་དགོས་གལ་ཡིན་པ་དེ་ལྟར་བྱུང་མེད་སྟབས། ཕྱི་ལོ་ ༢༠༢༢ ལོའི་ཟླ་ ༣ ནང་སྤྱི་འཐུས་ཀྱི་ལས་བསྡོམས་དང་སྔོན་རྩིས་གྲོས་ཚོགས་གཉིས་ལྷན་དུ་འཚོགས་འཆར་དང་དེ་འབྲེལ་སྤྱི་འཐུས་རྒྱུན་ལས་དང་ལྷན་གྲོས་བསྡུར་གནང་སྟེ་ཚོགས་དུས་གཏན་ཁེལ་གནང་རྒྱུ་ཡིན་པར་གསུངས་ཡོད།ཚོགས་གཙོ་མཆོག་གིས་ཚོགས་དུས་དང་པོའི་ཐོག་སྤྱི་འཐུས་རྣམ་པས་བགྲོ་གླེང་སོགས་ལ་ཆ་ཤས་ལེགས་པོ་བཞེས་ཡོད་པ་དང་། འཐུས་མི་ཚང་མས་དགོངས་པ་མཐུན་པ་ཞིག་ཡོང་རྒྱུ་ནི་ཧ་ཅང་དཀའ་ཡང་གྲོས་ཚོགས་ནང་ལུས་ངག་གི་ཀུན་སྤྱོད་དང་ཚིག་སྤྱོད་ཕྱོགས། གྲོས་ཚོགས་ཀྱི་སྐད་ཡིག་དང་མཐུན་པ། དེ་བཞིན་ཆེ་མཐོང་ལྡན་པར་བརྩི་འཇོག་གནང་གལ་ཡིན་པའི་འབོད་སྐུལ་ཞུས་སོང་ལ། ལྷག་དོན་གྲོས་ཚོགས་ཀྱི་འཐུས་མི་རྣམ་པས་ཁྲིམས་སྒྲིག་གཞི་གཏན་འབེབས་ཟིན་པའི་ཐོག་ཐུགས་སྣང་དང་སློབ་སྦྱོང་གནང་དགོས་གལ་ཡིན་སྐོར་གསུངས་སོང་། གཞི་རྩའི་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོ་དེ་བཞིན་ཁ་སང་དང་དེ་རིང་བཅས་ཉིན་གྲངས་གཉིས་རིང་ཚོགས་ཡོད་པ་དང་ཉིན་གཉིས་ཀྱི་ཚོགས་དུས་ཐོག་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་དང་། བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད།  དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་དང་མཐོལ་བཤགས་ཀྱི་གཞུང་འབྲེལ་གྲོས་ཆོད་ཁག་ཅིག་སྤྱི་མོས་ཀྱིས་གཏན་འབེབས་གནང་ཡོད་པ་དང་།  སྤྱི་འཐུས་རྣམ་པའི་ཁྲིམས་བཟོའི་ལས་དོན་ཐད་གྲོས་བསྡུར་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཀའ་ཤག་གི་གསལ་བཤད་དང་ལན་འདེབས་གནང་བ་མ་ཟད། བཀའ་བློན་འོས་འདེམས་ཀྱི་ལས་རིམ་ཐོག་བུད་མེད་བཀའ་བློན་གསུམ་འདེམས་ཐོན་བྱུང་ཡོད་པ་རེད།

སྐབས་༡༧ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོ་དབུ་འཛུགས།

དེ་རིང་ཕྱི་ཟླ་ ༡༠ ཕྱི་ཚེས་ ༡༡ ཉིན་བོད་མི་མང་སྤྱི་འཐུས་གྲོས་ཚོགས་སུ་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོ་དེ་ཚོགས་ཡོད་པ་ལྟར། ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཚོགས་དུས་དབུ་འཛུགས་ཀྱི་གསུངས་བཤད་ཁྲོད་དུ་སྐབས་ ༡༧ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འཐུས་མི་སྤྱི་དང་ལྷག་པར་དུ་ད་རེས་གསར་དུ་ཕེབས་པའི་སྤྱི་འཐུས་ ༡༨ ལ་འཚམས་འདྲི་དང་སྦྲགས། སྤྱི་འཐུས་ཚང་མས་སྤྱི་པའི་ལས་དོན་ཐོག་ནུས་པ་མཉམ་སྤུངས་གནང་རྒྱུ་དེ་གལ་ཆེན་པོ་ཡིན་པ་གསུངས་སོང་།ཚོགས་གཙོ་མཆོག་ནས་ཐེངས་འདིའི་གྲོས་ཚོགས་ཀྱི་ལས་རིམ་ཁག་ངོ་སྤྲོད་དང་སྦྲགས། གྲོས་ཚོགས་ཀྱི་ལས་རིམ་སྐབས་སུ་གནད་དོན་མི་འདྲ་མིན་གྲོས་བསྡུར་གནང་སྐབས་བསམ་ཚུལ་མི་འདྲ་བའི་རིགས་བྱུང་ངེས་ཡིན་སྟབས། སྤྱི་འཐུས་རྣམ་པས་གནད་དོན་དང་འབྲེལ་བའི་སོ་སོའི་བསམ་ཚུལ་གང་ཡིན་ཀྱང་སྤུངས་འཐུས་ལས་དེ་མིན་སྤྱི་འཐུས་ཕན་ཚུན་དབར་ཚིག་རྩོད་རིགས་མི་གནང་བའི་རེ་སྐུལ་སོགས་གནང་ཡོད། ཚོགས་གཙོའི་དབུ་འབྱེད་གསུང་བཤད་གྲུབ་མཚམས་སུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་སྐབས་གསར་པའི་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་གཙོས་འཐུས་མི་ཡོངས་ལ་འཚམས་འདྲི་དང་སྦྲགས། འཛིན་སྐྱོང་བཀའ་ཤག་དང་སྤྱི་འཐུས་ནས་འབྱུང་འགྱུར་ལོ་བཞི་དང་ཕྱེད་ཀ་ལྷག་གི་ལས་ཡུན་རིང་མཉམ་རུབ་ཀྱི་ནུས་པ་འདོན་རྒྱུ་གལ་ཆེན་པོ་ཡིན་པ་ལྟར་འཛིན་སྐྱོང་བཀའ་ཤག་གིས་སྤྱི་པའི་ལས་དོན་དང་གྲོས་ཚོགས་ལ་མཐུན་འགྱུར་ཞུ་སྒོ་ཁག་འཐུས་ཚུང་ཞུ་རྒྱུའི་དམ་བཅའ་བརྟན་པོ་ཡིན་པ་དང་། སྤྱི་འཐུས་རྣམ་པ་ཚོས་ཀྱང་དེ་ལྟར་གནང་རྒྱུའི་དམ་བཅའ་བརྟན་པོ་ཡོད་པར་ངོས་འཛིན་ཞུ་བཞིན་ཡོད་ཅེས་གསུངས་སོང་། སྲིད་སྐྱོང་མཆོག་གི་དགའ་བསུའི་འཚམས་འདྲི་གྲུབ་མཚམས་སུ་བོད་མི་དང་བོད་སྤྱིའི་རྩ་དོན་འཐབ་རྩོད་ཀྱི་ལས་འགུལ་སོགས་ཀྱི་ཐོག་ཡུན་རིང་ནས་རྒྱབ་སྐྱོར་གནང་མྱོང་མཁན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་སྐུ་ཚེ་འཕེན་པ་རྗོགས་པ་རྒྱ་གར་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་རྩོད་པ་དང་རྩོམ་པ་པོ་སྐུ་ཞབས་དམ་པ་ Naresh Mathur མཆོག་དང་། རྒྱ་གར་གཞུང་གི་ཁྲིམས་དོན་སྤྱི་ཁྱབ་ཟུར་པ་སྐུ་ཞབས་དམ་པ་ Soli Sorabjee མཆོག དེ་བཞིན་ལག་ནོའི་གྲོང་ཁྱེར་གྱི་སྤྱི་ཁྱབ་ཟུར་པ་སྐུ་ཞབས་དམ་པ་ Dauji Gupta མཆོག་དང་རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་པ་སྐུ་ཞབས་དམ་པ་ Rashtriya Lok Dal མཆོག སྐུ་ཞབས་དམ་པ་ Dwarko Sundrani མཆོག El Salvador རྒྱབ་ཁབ་ནས་ཡིན་པ་སྐུ་ཞབས་དམ་པ་ Alfredo Martinez Moreno མཆོག དེ་སྔ་བོད་མི་མང་སྤྱི་འཐུས་དང་སྲི་ཞུའི་ལས་དོན་སྒྲུབ་མྱོང་ཡོད་པ་སྐུ་ཞབས་དམ་པ་རྒྱལ་ནོར་ཚེ་དབང་ལགས་དང་སྤྱི་ཟུར་བདེ་སྐྱིད་སྒྲོལ་དཀར་ལགས་དམ་པ་བཅས་ཀྱི་མཛད་རྗེས་ལ་ཆེ་བསྟོད་དྲན་གསོ་དང་སྦྲགས་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་ཁག་སྤྱི་མོས་ཀྱིས་གཏན་འབེབས་གནང་ཡོད།དེ་རིང་སྔ་དྲོའི་ཚོགས་དུས་ཐོག་བོད་ནང་གི་ཛ་དྲགས་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་གྲོས་ཚོགས་སུ་སྙོན་སྒྲོན་ཞུས་ཡོད་པ་དང་། གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དེའི་ནང་རྒྱ་ནག་གཞུང་གིས་བོད་ནང་ལ་མི་སེར་སྤེལ་བའི་སྲིད་བྱུས་དང་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་རྒྱུའི་སྲིད་བྱུས་སོགས་ལག་བསྟར་བརྒྱུད་བོད་མིའི་སྐད་ཡིག་དང་རིག་གཞུང་རྩ་མེད་དུ་བཏང་བ་དང་། སློབ་གྲྭ་ཁག་སྒོ་བརྒྱབ་པ། དགོན་སྡེ་གྲྭ་ཚང་ཁག་ལ་ཐེ་ཇུས་ཤུགས་ཆེར་བྱེད་བཞིན་པ་སོགས་ཐེར་འདོན་སྦྲགས། འདི་ལོ་རྒྱ་ནག་གཞུང་གིས་བོད་ཞི་བའི་བཅིངས་འགྲོལ་ཟེར་བ་བཏང་ནས་ལོ་ངོ་ ༧༠ འཁོར་བའི་དུས་སྟོན་བྱས་ཏེ་འཛམ་གླིང་མི་མང་ལ་མགོ་སྐོར་བསླུ་བྲིད་གཏོང་བཞིན་ཡོད་ཀྱང་། དོན་དངོས་ཐོག་དེ་ནི་རྒྱ་ནག་གཞུང་ནས་བོད་ནང་ལ་བཙན་འཛུལ་དྲག་གནོན་བྱས་ནས་ལོ་ངོ་ ༧༠ དང་རྒྱ་ནག་གཞུང་གིས་རྫུབ་གཏམ་ཁོ་ན་བཤད་ནས་ལོ་ངོ་ ༧༠ བཅས་འགྲོ་བཞིན་ཡོད་པ་གསུངས་འདུག ལྷག་པར་དུ་གྲོས་ཆོད་ཀྱི་ནང་དོན་ཁ་གསལ་གནང་བའི་ཁོངས་སུ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་བསྟན་ཆབ་སྲིད་མི་རིགས་དང་བཅས་པའི་ཆེད་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་སྙིང་སྟོབས་ལ་ཡི་རངས་དང་ཤུལ་ལུས་ནང་མི་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཐུགས་གསོ་དང་སྦྲགས། རྒྱལ་གཅེས་པ་རྣམ་པའི་གདུང་འབོད་དང་ཞལ་ཆེམས། མངོན་འདོད་བཅས་ལ་རྒྱ་ནག་གཞུང་ནས་འགན་ཁུར་བདག་སྤྲོད་ངེས་པར་དུ་བྱེད་དགོས་པ། བོད་རྒྱ་འབྲེལ་མོལ་ལམ་ལྷོངས་མ་བྱུང་བ་དེའི་འགན་ཡོངས་རྫོགས་རྒྱ་ནག་གཞུང་ལ་ཡོད་པ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་ཡུ་རོབ་མཐུན་ཚོགས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སོགས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་རྒྱལ་ཁབ་སོ་སོའི་གྲོས་ཚོགས་དང་སྲིད་གཞུང་ཚང་མས་རང་དབང་ཅན་གྱི་རྒྱལ་སྤྱིའི་རྟོག་ཞིབ་ཚོགས་ཆུང་ཞིག་བོད་ནང་ཆེད་གཏོང་གནང་སྟེ་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་ལ་རྟོག་ཞིབ་གནང་དགོས་པ་སོགས་འཁོད་འདུགདེ་རིང་གི་གྲོས་ཚོགས་ལས་རིམ་ཐོག་ཁྲིམས་བཟོའི་ལས་དོན་དང་འབྲེལ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་ཀྱི་ཆ་རྐྱེན་དང་འབྲེལ་བའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་རེ་གསུམ་པའི་ནང་གསེས་གཉིས་པའི་ག་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་ཀྱི་ཆ་རྐྱེན་ཐོག་བསྐྱར་གཅོས་ཀྱི་ཁྲིམས་འཆར་ཞིག་ཕེབས་ཡོད་ཀྱང་། ཁྲིམས་འཆར་དེའི་ཐོག་བགྲོ་གླེང་གནང་སྐབས་དེ་སྔ་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་བཅུ་པའི་ཐོག་བཞག་པའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་འཕོ་འགྱུར་གྱི་གྲོས་ཆོད་དང་བཅའ་ཁྲིམས་ཀྱི་དོན་ཚན་དེ་བསྐྱར་བཅོས་གནང་དང་མི་གནང་ཐོག་གྲོས་བསྡུར་ཤུགས་ཆེར་བྱུང་སོང་།སྐབས་དེར་སྤྱི་འཐུས་ཁག་ཅིག་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་འཕོ་འགྱུར་གྱི་གྲོས་ཆོད་དེ་གཙང་མ་མ་ཆགས་ཀྱི་བར་དུ་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་འབྲེལ་བའི་ལས་དོན་ཚང་མར་དགག་པ་ཡོད་ཅེས་གསུངས་མཁན་བྱུང་ཡོད། ཁག་ཅིག་ནས་ད་ཆ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་གནང་སྟེ་ལོ་ངོ་ ༣༠ ཙམ་འགྲོ་བཞིན་ཡོད་སྟབས་ད་ཡོད་ཀྱི་ཆ་རྐྱེན་དེ་རང་སོར་གནས་གལ་ཡིན་པ་སོགས་གསུང་མཁན་བྱུང་ཡོད།ཁག་ཅིག་ནས་ད་ལྟའི་བསྐྱར་བཅོས་ཁྲིམས་འཆར་འདི་ད་ཡོད་ཁྲིམས་ཞིབ་པ་ཚོ་དང་འབྲེལ་བ་མེད་པར། མ་འོངས་པར་ཁྲིམས་ཞིབ་པ་བསྐོ་གཞག་དང་འབྲེལ་བ་ཡོད་པ་ཞིག་ཡིན་པའི་གསལ་བཤད་དང་། ཡང་ཁག་ཅིག་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་འཕོ་འགྱུར་དང་འབྲེལ་བའི་གྲོས་ཆོད་དེ་བཅའ་ཁྲིམས་དོན་ཚན་ ༥ པའི་དགོངས་དོན་འོག་རང་བཞིན་གྱིས་ནུས་མེད་ཆགས་ཟིན་ཡོད་པ་སོགས་གསུངས་ཏེ་ད་རེས་བསྐྱར་བཅོས་ཀྱི་ཁྲིམས་འཆར་འདིར་རྒྱབ་སྐྱོར་ཡོད་པ་གསུང་མཁན་ཡང་བྱུང་ཡོད།དེ་བཞིན་ཁག་ཅིག་ནས་བཅའ་ཁྲིམས་ལ་བསྐྱར་བཅོས་མ་གནང་གོང་ལ་ད་ཡོད་ཀྱི་དོན་ཚན་ལྟར་ཁྲིམས་ཞིབ་པའི་འོས་མི་ཐོབ་མིན་འབད་བརྩོན་གནང་དགོས་པ་གསུང་མཁན་བྱུང་སོང་ལ། ལ་ལས་རིམ་པས་ད་ཡོད་ཀྱི་ཁྲིམས་ཞིབ་པ་རྣམ་པའི་ལས་ཡུན་ཟིན་པའི་རྗེས་སུ་བཅའ་ཁྲིམས་ཀྱི་དོན་ཚན་འདི་སྐྱར་བཅོས་མ་གནང་བའི་དབང་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྲིམས་ཞིབ་པ་མེད་པའི་གནས་སྟངས་ཆགས་སྲིད་པ་སོགས་གསུང་ཡོད། སྤྱི་འཐུས་རྣམ་པའི་བགྲོ་གླེང་གནང་གྲུབ་མཚམས་སུ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་བཅའ་ཁྲིམས་བསྐྱར་བཅོས་ཀྱི་དོན་ཚན་ཐོག་གསལ་བཤད་དང་སྦྲགས། སྤྱི་འཐུས་རྣམས་ནས་ད་རེས་ཀྱི་བསྐྱར་བཅོས་ཁྲིམས་འཆར་འདི་དང་དེ་སྔ་གྲོས་ཚོགས་སུ་བཞག་པའི་གྲོས་ཆོད་ཡིག་ཆ་ཨང་ ༣༩ དང་འབྲེལ་བ་རྩ་བ་ནས་མེད་པ་དང་། གྲོས་ཚོགས་ནས་ཁྲིམས་འཆར་དེ་བསྐྱར་བཅོས་གནང་མིན་ལ་ལྟོས་མེད་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་མཆོག་རིང་མིན་ཕྱི་ཟླ་ ༡༡ ནང་ལས་ཡུན་གཙང་གི་ཡོད་སྟབས་ཁྲིམས་ཞིབ་པ་ཆེ་བ་མཆོག་གི་མི་འགྲོ་འདེམས་སྒྲུག་ཚོགས་ཆུང་བསྐོ་བཞག་མ་གནང་རང་གནང་ཡིན་སྟབས་གྲོས་ཚོགས་འཐུས་མི་ཚོས་དེ་དོན་དགོངས་པ་བཞེས་རོགས་ཞེས་གསུངས་ཡོད།

བཀའ་བློན་འོས་འདེམས་ཁྲོད་སྤྱི་འཐུས་ཁག་ཅིག་ཕྱིར་ཐོན་རྐྱེན་གྲོས་ཚོགས་ཀྱི་ལས་རིམ་རེ་ཞིག་གནང་ཐུབ་མེད།

དེ་རིང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོའི་ཉིན་རྒྱབ་ཏུ། སྐབས་ ༡༦ པའི་བཀའ་ཤག་གི་བཀའ་བློན་འོས་འདེམས་ལས་རིམ་ཐོག་ཕེབས་ནས་སྲིད་སྐྱོང་མཆོག་གིས་བཀའ་བློན་འོས་མི་ལྔ་མཚོན་འདོན་གནང་སྟེ་གྲོས་ཚོགས་ནས་བཀའ་བློན་འོས་མི་རེ་རེ་བཞིན་ངོ་སྤྲོད་ཀྱིས་དགག་བྱ་ཡོད་མེད་གཟིགས་རྗེས། འོས་མི་དྲུག་པ་མཚན་འདོན་གནང་རྗེས་སྤྱི་འཐུས་ཁག་ཅིག་གིས་དེར་དགག་བྱ་གནང་བ་དང་འབྲེལ་ནས་གྲོས་ཚོགས་ནས་ཕྱིར་ཐོན་གནང་བའི་རྐྱེན་གྱིས་གྲོས་ཚོགས་སུ་ཚོགས་གཙོ་སྦྲེལ་པོས་གཙོས་པའི་ངོ་ཡོད་སྤྱི་འཐུས་ ༢༦ལས་ལྷག་མེད་སྟབས་གྲོས་ཚོགས་ཀྱི་གྲུབ་ཆ་མ་ལོངས་པའི་རྐྱེན་གྱིས་ལས་རིམ་རེ་ཞིག་མཇུག་སྐྱོང་གནང་ཐུབ་མེད།དེ་རིང་སྐབས་ ༡༧ གྲོས་ཚོགས་ཚོགས་དུས་ ༡ ལས་ཉིན་ ༡ ཚོགས་ཐུན་ ༤ པ། ཕྱི་ཟླ་ ༡༠ ཚེས་ ༡༡ ཉིན་སྤྱི་འཐུས་ལྷན་ཚོགས་སུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༢༢ གཞིར་བཟུང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གྲོས་ཚོགས་ནང་བཀའ་བློན་གྱི་འོས་མི་ངོ་སྤྲོད་གནང་གནང་བའི་ཁྲོད་བེུད་བཀའ་བློན་འོས་གཞི་གསུམ་སྟེ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་དང་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ཟུར་པ་ནོར་འཛིན་སྒྲོལ་མ་ལགས་ལ་གསང་བའི་འོས་བསྡུ་གནང་རྗེས་སྤྱི་འཐུས་ ༢༧ གིས་རྒྱབ་སྐྱོར་གནང་བ་དང་། བོད་སློབ་འཛིན་སྐྱོང་ཚོགས་པའི་སློབ་གྲྭ་ཁག་ཅིག་གི་སློབ་སྤྱི་ཟུར་པ་ཐར་ལམ་སྒྲོལ་མ་ལགས་ལ་གསང་བའི་འོས་བསྡུ་གནང་རྗེས་སྤྱི་འཐུས་ ༢༧ གིས་རྒྱབ་སྐྱོར་གནང་བ། དེ་བཞིན་བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག་ལ་གསང་བའི་འོས་བསྡུ་གནང་རྗེས་སྤྱི་འཐུས་ ༣༠ ཡིས་རྒྱབ་སྐྱོར་གནང་བ་བཅས་ཁོང་གསུམ་ལ་མང་མོས་ཀྱི་རྒྱབ་སྐྱོར་ཐོབ་ནས་སྐབས་ ༡༦ པའི་བཀའ་ཤག་གི་བཀའ་བློན་དུ་འོས་འདེམས་བྱུང་ཡོད་། འོན་ཀྱང་དེ་རིང་བཀའ་བློན་གྱི་འོས་གཞིའི་ཁོངས་སུ་མཚན་འདོན་གནང་བའི་བཀའ་ཟུར་ཐུབ་བསྟན་ལུང་རིགས་མཆོག་དང་། དྷ་སྟེང་བོད་ཁྱིམ་གྱི་འགན་འཛིན་ཚུལ་ཁྲིམས་རྡོ་རྗེ་ལགས་གཉིས་ལ་འོས་གྲངས་ ༡༨ དང་ ༡༣ བཅས་ལས་རྒྱབ་སྐྱོར་མ་ཐོབ་སྟབས་བཀའ་བློན་གྱི་འོས་གཞི་ནས་ཟགས་ཡོད།དེའི་རྗེས་སྲིད་སྐྱོང་མཆོག་གིས་འོས་གཞི་དྲུག་པ་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་ཟུར་པ་སྤྱི་འཐུས་ལས་ཐོག་སོག་སྟོད་དངོས་གྲུབ་རྡོ་རྗེ་ལགས་མཚན་འདོན་གནང་རྗེས། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས་དགག་བྱ་དང་འབྲེལ་ཏེ་དེའི་རྗེས་ཀྱི་འོས་མི་ཐོག་མ་ཕེབས་ཚེ་གྲོས་ཚོགས་ནས་ཕྱིར་ཐོན་རྒྱུ་ཡིན་པར་གསུངས་ཀྱང་། དེ་ལྟར་མ་བྱུང་སྟབས། ཁོང་གིས་གཙོས་པའི་སྤྱི་འཐུས་ཁག་ཅིག་གྲོས་ཚོགས་ནས་ཕྱིར་ཐོན་རྐྱེན་གྲོས་ཚོགས་ཀྱི་དགོས་ངེས་གྲུབ་ཆ་མ་ལོངས་སྟབས་གྲོས་ཚོགས་ཀྱི་ལས་རིམ་རེ་ཞིག་གནང་མ་ཐུབ་པའི་གནས་སྟངས་སུ་གྱུར་ཡོད།སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དེ་རིང་གྲོས་ཚོགས་ཀྱི་སྔ་དྲོའི་ཚོགས་དུས་སྐབས་སུ་སྐབས་ ༡༦ པའི་འཛིན་སྐྱོང་བཀའ་ཤག་ནས་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་ལྷན་དུ་འབྲེལ་བ་གང་འདྲ་འཇོག་མིན་དང་ནུས་པ་མཉམ་སྤུངས་གང་འདྲ་གནང་རྒྱུ་ཡིན་མིན་སྐོར་གསལ་བཤད་ཀྱི་གཏམ་བཤད་གནང་ཡོད།བཀའ་ཤག་གི་གསལ་བཤད་དེའི་ནང་དུ་གཙོ་བོ། ཕྱི་ལོ་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་སྐབས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་༸སྐུ་དབང་མི་མང་གི་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་གནང་རྒྱུའི་ཐུགས་ཐག་གཅོད་སྐབས་སྩལ་བའི་བཀའ་སློབ་ཀྱི་དུམ་བུ་ཞིག་ལུང་འདྲེན་གནང་སྟེ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ནང་གི་ཆབ་སྲིད་ལམ་སྲོལ་ཇི་སྙེད་ཅིག་སྩལ་བའི་ཁོངས་ནས་མང་གཙོའི་ལམ་སྲོལ་འདི་ཡག་ཤོས་སུ་གཟིགས་པའི་དགོངས་གཞིའི་ཐོག་ནས་བཙན་བྱོལ་བོད་མི་རྣམས་མང་གཙོའི་ལམ་སྲོལ་ཡང་དག་པ་ཞིག་ཏུ་ཁྲིད་ཐབས་ལ་སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་གནང་ཡོད་པ་ལྟར། མི་མང་གི་འདམས་པའི་འགོ་ཁྲིད་ཚོའི་ངོས་ནས་མང་གཙོའི་ལམ་སྲོལ་ནང་དུ་མི་མང་གཙོ་བོ་ཡིན་པའི་རྩ་དོན་འདི་ཡིད་ལ་བཅངས་ཏེ་མི་མང་གི་མངོན་འདོད་དང་ཁེ་ཕན་སྒྲུབ་དགོས་པ་དང་།ཁྲིམས་ཀྱི་དབང་བསྒྱུར་རྩ་དོན་དེ་མངོན་འགྱུར་ཡོང་བར་གལ་འགངས་ཆེན་པོ་ཆགས་ཡོད་སྐོར་གསུངས་པ་དང་ཆབས་ཅིག ཕྱི་ལོ་ ༡༩༩༡ ལོར་གཏན་འབེབས་གནང་བའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་འདི་བཞིན་ད་བར་ཉམས་ལེན་ལག་བསྟར་གནང་བའི་ཉམས་མྱོང་སྤྱི་དང་སྒོས་སུ་ཉེ་ལམ་བཅའ་ཁྲིམས་ཀྱི་དཀའ་རྙོག་འཕྲད་པའི་བརྒྱུད་རིམ་ལ་བལྟས་ན་སྐབས་ ༡༧ པའི་གྲོས་ཚོགས་ནས་ཁྲིམས་ལུགས་མཁས་མྱོང་ཅན་ལས་གྲུབ་པའི་བཅའ་ཁྲིམས་བསྐྱར་ཞིབ་ཚོགས་ཆུང་ཞིག་འཛུགས་ཐབས་བྱུང་ན། འཛིན་སྐྱོང་གི་ངོས་ནས་དེའི་ཐོག་མཐུན་འགྱུར་རོགས་ཕན་ཇི་དགོས་ཞུ་ཆོག་པ་གསུངས་པ་མ་ཟད། དོན་ཚན་བཅུའི་སྒོ་ནས་སྐབས་ ༡༦ པའི་བཀའ་ཤག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་འགན་ཁུར་ཞུ་སྟངས་སྐོར་གསལ་བཤད་གནང་ཡོད།འབྲེལ་ཡོད་པར་ཁག་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་རྒྱ་གཙོས་སྤྱི་ཚོགས་དྲྭ་རྒྱ་ཁག་ལས་བཏུས།

སྐབས་ ༡༧ པའི་སྤྱི་འཐུས་རྣམ་པའི་དབར་བཞུགས་མོལ་ཚོགས་འདུ་འཚོགས་གཏན་འཁེལ་བ།

སྐབས་ ༡༧ པའི་བདམས་ཐོན་སྤྱི་འཐུས་རྣམ་པའི་དམ་འབུལ་ཁྲོད་སྤྱི་འཐུས་རྣམ་པ་ཤོག་ཁག་གཉིས་སུ་གྱེས་ཏེ་གྲོས་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་འོས་འདེམས་མ་ཐུབ་པའི་ངལ་བ་འཕྲད་བཞིན་པ་དེ་སེལ་ཆེད་ཟླ་བ་འདིའི་ཚེས་ ༢༧ ཉིན་སྤྱི་འཐུས་རྣམ་པ་ཡོངས་མཉམ་འཛོམས་ཐོག་ནས་བཞུགས་མོལ་ཚོགས་འདུ་ཞིག་འཚོགས་གཏན་ཁེལ་འདུགདེ་རིང་སྤྱི་ཚོགས་དྲ་ལམ་ཐོག་སྐབས་ ༡༧ པའི་ཕྱི་རྒྱལ་སྤྱི་འཐུས་རྣམས་ཀྱིས་སྤྱི་འཐུས་གཞན་རྣམས་ལ་ཕུལ་བའི་ཕྱག་ཡིག་ཞིག་ཡོངས་གྲགས་བྱུང་འདུག་པར་ཕྱག་སྦྲེལ་སྤྱི་འཐུས་ཡོངས་ནས་ནང་མོལ་ཚོགས་འདུར་ཞུགས་རྒྱུའི་ཐུགས་ཐག་བཅད་གནང་བ་ལྟར་ཟླ་བ་འདིའི་ཚེས་ ༢༥ རེས་གཟའ་སྤེན་པའི་ཉིན་གྱི་ཕྱག་ཚོད་ ༥ བར་དུ་བཞུགས་སྒར་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་ཚོགས་དྲུང་ལས་ཁུངས་སུ་འབྱོར་ཐོ་འགོད་གནང་རྒྱུ་དང།  ནང་མོལ་ཚོགས་འདུ་དེ་དངོས་སུ་ཟླ་ ༩ ཚེས་ ༢༧ ཉིན་རེས་གཟའ་ཟླ་བའི་ཉིན་གྱི་ཞོགས་པའི་ཕྱག་ཚོད་ ༩༌༣༠ ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཁང་གང་རུང་ཞིག་ཏུ་དབུ་འཛུགས་གནང་རྒྱུ་ཡིན་པ་བཅས་བཀོད་འདུག གསར་འགོད་པས་ཨོ་སི་ཊོ་ལི་ཡའི་བོད་མི་མང་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་སུ་ཞལ་པར་བརྒྱུད་དེ་འབྲེལ་བཅར་འདྲི་ཞུས་པར་ཁོང་གིས་ཕྱག་ཡིག་ནང་དུ་འཁོད་དོན་ལྟར་གོང་ཚེས་ཉིན་བཞུགས་མོལ་ཚོགས་འདུ་གནང་རྒྱུ་དང་ངལ་བ་དེ་སེལ་ནས་གྲོས་ཚོགས་འཚོགས་རྒྱུ། ཚོགས་གཙོ་སྦྲེལ་པོ་འོས་འདེམས་གནང་རྒྱུ། དེ་བཞིན་འཛིན་སྐྱོང་བཀའ་ཤག་གི་བཀའ་བློན་རྣམ་པ་བསྐོ་གཞག་གནང་རྒྱུ་སོགས་ཀྱི་ཕྱག་ལས་ཁག་རྣམ་ཀུན་བཞིན་གནང་ཐུབ་པར་སྤྱི་འཐུས་ ༤༥ ཚང་མར་འོས་འགན་ཡོད་སྟབས་དེ་ལྟར་གནང་ཐུབ་པའི་རེ་བ་ཆེན་པོ་ཡོད་པར་གསུངས་ཡོད།དེ་བཞིན་ཚོགས་དྲུང་ཚེ་དབང་དངོས་གྲུབ་ལགས་སུ་རིང་མིན་འཚོགས་གཏན་ཁེལ་བའི་བཞུགས་མོལ་ཚོགས་འདུ་གྲ་སྒྲིག་གནང་ཕྱོགས་སྐོར་ལ་བཀའ་འདྲི་ཞུས་པར་ཁོང་གིས་ད་ལྟའི་ཆར་འབྲེལ་ཡོད་ཚོ་དང་གྲོས་བསྡུར་གནང་མུས་ཡིན་པར་གསུངས་ཡོད།རྩ་བའི་འདི་ལོའི་ཕྱི་ཟླ་ ༣ ནང་ཚོགས་པའི་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་མཐའ་མའི་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་གཙོས་པའི་ཁྲིམས་ཞིབ་པ་གཞན་གཉིས་བཅས་ཁྲིམས་ཞིབ་པ་གསུམ་ལྡེབ་གཅིག་ལ་འཕོ་འགྱུར་བཏང་བའི་གྲོས་ཆོད་ཨང་ ༣༩ པ་དེ་གཏན་འབེབས་དང་འབྲེལ་ཏེ་ཁྲིམས་ཞིབ་པ་རྣམས་ལས་གནས་ལས་ཕྱིར་བཤོལ་གནང་བའི་རྗེས་སུ་ཁྲིམས་ཞིབ་པ་གསར་འདེམས་ཆེད་མི་འགྲོ་མ་རག་པ་དང་སྐབས་ ༡༦ པའི་སྤྱི་འཐུས་རྣམ་པའི་གྲོས་ཚོགས་འཕར་མ་ཚོགས་མ་ཐུབ་པ། དེ་རྗེས་ཁྲིམས་ཞིབ་པ་རྣམ་པས་དོན་ཚན་ལྔ་ཅན་གྱི་གསལ་བསྒྲགས་ཤིག་སྤེལ་བ་དང་འབྲེལ་ལས་ཁུར་རྒྱུན་སྐྱོང་གནང་བ་སོགས་ཀྱི་གནང་སྟངས་ཁྲོད། འདི་ལོའི་ཕྱི་ཟླ་ ༦ ཚེས་ ༨ ཉིན་སྐབས་ ༡༧ པའི་བདམས་ཐོན་སྤྱི་འཐུས་རྣམ་པའི་དམ་འབུལ་མཛད་སྒོའི་སྐབས་དབུས་གཙང་དང་མདོ་སྨད་སྤྱི་འཐུས་ ༢༡ ནས་ཁྲིམས་ཞིབ་པ་ཆེ་བའི་མདུན་ནས་དམ་འབུལ་ཞུས་པའི་བར་བརྒལ་ཚོགས་གཙོའི་དྲུང་ནས་དམ་འབུལ་ཞུས་པ་དང་། མདོ་སྟོད་དང་ཆོས་བརྒྱུད་ཁག་གི་སྤྱི་འཐུས་གཙོས་སྤྱི་འཐུས་གཞན་གཉིས་བཅས་སྤྱི་འཐུས་ ༢༢ ཀྱིས་གྲོས་ཚོགས་ཀྱིས་འཕོ་འགྱུར་བཏང་ཟིན་པའི་ཁྲིམས་ཞིབ་པའི་དྲུང་ནས་དམ་འབུལ་ཞུས་པའི་བར་བརྒལ་ཚོགས་གཙོའི་དྲུང་ནས་དམ་འབུལ་ཞུ་ཐབས་མེད་སྐོར་གསུངས་པ་དང་འབྲེལ། ༸གོང་ས་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེ་དང་བཅའ་ཁྲིམས་རིན་པོ་ཆེའི་མདུན་ནས་དམ་འབུལ་ཞུས་པའི་རྐྱེན་གྱིས་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་མཆོག་གིས་བཅའ་ཁྲིམས་དོན་ཚན་ ༤༧ དགོངས་གསལ་བར་བརྒལ་ཚོགས་གཙོའི་དྲུང་ནས་དམ་འབུལ་ཞུ་མཁན་སྤྱི་འཐུས་ ༢༡ ལས་བྱུང་མེད་སྟབས། གྲོས་ཚོགས་ཀྱི་གྲུབ་ཆ་མ་ཚང་བར་བརྟེན་ཚོགས་གཙོ་སྦྲེལ་པོ་འོས་འདེམས་ཀྱི་ལས་རིམ་གནང་ཐབས་མེད་སྐོར་གསུངས་ཡོད། གང་ལྟར་ད་བར་སྐབས་ ༡༧ པའི་བདམས་ཐོན་སྤྱི་འཐུས་རྣམ་པའི་དམ་འབུལ་ཆ་ཚང་བ་ཞིག་བྱུང་མ་ཐུབ་པ་དང་དེའི་རྐྱེན་གྱིས་གྲོས་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་འོས་འདེམས་མ་ཐུབ་པ། སྐབས་ ༡༦ པའི་བཀའ་ཤག་གི་བཀའ་བློན་རྣམ་པ་བསྐོ་གཞག་མ་ཐུབ་པ་སོགས་ཀྱི་དཀའ་ངལ་རིམ་པ་འཕྲད་དང་འཕྲད་མུས་རེད།བཙན་བྱོལ་བོད་མིའི་ཁྲོད་གནད་དོན་དེའི་ཐོག་བློ་འཚབ་ཀྱི་རྣམ་པ་ཤུགས་ཆེན་སྟོན་མཁན་བྱུང་དང་འབྱུང་བཞིན་པ་མ་ཟད། སྤྱི་འཐུས་ཁག་ཅིག་དང་བཀའ་ཟུར། ཚོགས་སྡེ་ཁག་འདྲ་མིན་གྱིས་དཀའ་ངལ་དེ་སེལ་ཐབས་ཀྱི་ཐབས་ལམ་སྣ་ཚོགས་ཆེད་བཏོན་གནང་བ་དང་། ལ་ལས་དམ་འབུལ་ཞུ་ཕྱོགས་ཁག་གཉིས་ཀར་ངོས་བཞེས་ཀྱིས་གྲོས་ཚོགས་ཀྱི་ལས་རིམ་ཁག་རྒྱུན་སྐྱོང་དགོས་པ། དེ་བཞིན་ཁག་ཅིག་གིས་བཅའ་ཁྲིམས་དོན་ཚན་ ༤༧ ནང་གསལ་བར་བརྒལ་ཚོགས་གཙོའི་དྲུང་ནས་དམ་འབུལ་ཞུས་ཏེ་རྗེས་སུ་གྲོས་ཚོགས་ཚོགས་རྗེས་ཡིག་ཆ་ཨང་ ༣༩ ཐོག་ཕེབས་དགོས་པ། ཡང་གཞན་ཁག་ཅིག་གིས་ཁྲིམས་ཞིབ་པ་རྣམ་པ་ལས་གནས་ནས་དགོངས་ཞུ་གནང་དགོས་པ་སོགས་ཞུ་སྐུལ་འདྲ་མིན་གནང་ཡོད་ཀྱང་ད་ལྟའི་ཆར་ངལ་བ་དེ་མུ་མཐུད་ནས་ལྷག་བཞིན་པའི་ཁྲོད་ཕྱི་ཟླ་ ༩ པའི་གྲོས་ཚོགས་ཀྱང་འཚོགས་མ་ཐུབ་པའི་གནས་སྟངས་གྱུར་ཡོད་པ་རེད།

Latest news