Tibetan Royal Year of 2151 | Year of the Wood Dragon

སྐབས་ ༡༧ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པ་དབུ་འཛུགས།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

རྒྱ་གར་གཙོས་འཛམ་གླིང་ས་ཕྱོགས་གང་ས་ནས་ཕེབས་པའི་བོད་མི་ ༥༠༠ ལྷག་ཙམ་གྱིས་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་འཕྲལ་དུ་བསྐོ་གཞག་སླད་བཅའ་ཁྲིམས་བསྐྱར་བཅོས་དགོས་པའི་རེ་འབོད་ཁྲོད། དེ་རིང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༦ དབུ་འཛུགས་གནང་སོང་།

དེ་རིང་བཞུགས་སྒར་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་སུ་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༦ དབུ་འཛུགས་དང་སྦྲགས་ཏེ། ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཚོགས་དུས་དབུ་འཛུགས་ཀྱི་གསུང་བཤད་གནང་སྐབས། བོད་ནང་ཆོས་དད་རང་དབང་གཙོས་འགྲོ་བ་མིའི་ཐོབ་ཐང་། བོད་མིའི་འགྲོ་འདུག་སྤྱོད་གསུམ་གྱི་གནས་སྟངས་དུས་ད་ལྟའང་ཛ་དྲག་ཅན་ཞིག་ཆགས་ཡོད་པ་ནི་རྒྱ་ནག་གཞུང་གིས་དྲག་པོའི་སྲིད་བྱུས་བཟུང་སྟངས་ལས་བྱུང་བ་ཞིག་ཡིན་སྟབས། རྒྱ་གཞུང་གིས་བོད་ཀྱི་གནད་དོན་དང་བོད་ཀྱི་དཀའ་རྙོག་དེ་ཟུར་དུ་བཞག་ནས་རྒྱལ་སྤྱིའི་ནང་འདྲ་མཉམ་དང་གཟེངས་སུ་ཐོན་པ་ཡོང་ཐབས་ཀྱི་བསམ་བློ་འཁོར་བ་ནི་ནོར་འཁྲུལ་ཞིག་དང་། རྒྱ་གཞུང་གི་འགོ་ཁྲིད་ཚོས་རྣམ་ཀུན་ནས་བོད་ཀྱི་གནད་དོན་ལ་དོ་སྣང་བྱས་ནས་བོད་ནང་གི་བོད་མིའི་མངོན་འདོད་སྒྲུབ་ཐབས་བྱེད་དགོས་གལ་ཡིན་པ་ལས་མུ་མཐུད་དེ་བོད་ནང་གི་དངོས་ཡོད་གནས་ཚུལ་རྣམས་ལ་དྲིལ་ལོག་སྤེལ་ཚེ་ཁུངས་འཁྱོལ་ཐབས་མེད་པར་གསུངས་སོང།

དེ་བཞིན་ཚོགས་གཙོ་མཆོག་གིས་སྐབས་ ༡༧ པའི་གྲོས་ཚོགས་ནས་རྒྱ་གར་གྱི་གནད་ཡོད་མི་སྣ་ཙམ་མ་ཟད་རྒྱ་གར་གྱི་མི་མང་དང་ལྷག་པར་མཐོ་སློབ་ཁག་ཏུ་བོད་དོན་གོ་རྟོགས་སྤེལ་སླད་སྤྱི་འཐུས་ཆ་བགོས་ཀྱིས་སྡེ་ཚན་ཁག་བཞི་ནས་ཕྱོགས་སྐྱོད་ལེགས་གྲུབ་ཟིན་པ་དང་འབྲེལ་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བོད་ཀྱི་ཆབ་སྲིད་དང་སྤྱི་ཚོགས་ཐོག་ཕྱག་ལས་གང་གནང་བ་ངོ་སྤྲོད་དང་སྦྲགས། མ་འོངས་ལས་དོན་གང་ཞིག་གཉེར་ཡང་བོད་ནང་གི་བོད་མིའི་ཆབ་སྲིད་གནས་སྟངས་དང་བོད་མིའི་སྒྲིག་འཛུགས་ཀྱི་གནས་སྟངས། དེ་བཞིན་རྒྱལ་སྤྱིའི་ཁྱོན་ཡོངས་ལ་སྙོབས་ཐབས་སོགས་དོན་ཚན་གསུམ་པོ་གལ་ཆེར་ངོས་འཛིན་གནང་སྟེ་ལས་དོན་སྤེལ་དགོས་སྐོར་གསུངས་ཡོད།

ཚོགས་གཙོ་མཆོག་གིས་ཐེངས་འདིའི་གྲོས་ཚོགས་ཚོགས་དུས་ ༦ པའི་ལས་རིམ་དང་འབྲེལ་ནས་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གྲོས་འཆར་དང་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར། དེ་བཞིན་ལྷན་ཁང་ཁག་གི་ལས་བསྡོམས་ཐོག་ཕེབས་རྒྱུ་ཙམ་མ་ཟད། ཐེངས་འདིའི་གྲོས་ཚོགས་སུ་འཛིན་སྐྱོང་བཀའ་ཤག་བརྒྱུད་ཁྲིམས་བཟོའི་ལས་རིམ་ཁག་ཅིག་ཕེབས་ཀྱི་ཡོད་པ་ལྟར་ཁྲིམས་སྒྲིག་བསྐྱར་བཅོས་ཚོགས་ཆུང་གི་ལས་དོན་དང་འབྲེལ་བ་ཡོད་མེད་ཞིབ་འཇུག་གནང་བཞིན་ཡོད་སྐོར་གསུངས་པ་དང་ཆབས་ཅིག གྲོས་ཚོགས་ཚོགས་དུས་ལྔ་པའི་གྲོས་ཆོད་དགོངས་དོན་བཞིན་ཁྲིམས་སྒྲིག་བསྐྱར་ཞིབ་ཚོགས་ཆུང་གི་ལས་དོན་འགྲོ་བཞིན་པ་ལྟར། འཆར་ལོའི་ཟླ་བ་གཉིས་པའི་ཟླ་མཇུག་ཏུ་འཆར་ཟིན་དང་སྙན་ཐོ་རྣམས་སྐབས་དེའི་དུས་སུ་འབུལ་ལམ་ཞུ་ཡི་རེད་ཅེས་གསུངས་སོང་།

སྤྱིར་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་དང་ཁྲིམས་ཞིབ་པ་གཞན་གཅིག་སྔ་རྗེས་སུ་རྒས་ཡོལ་ལ་ཕེབས་པའི་ཁྲོད་འདས་པའི་གྲོས་ཚོགས་རིམ་པའི་ནང་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཐེངས་ཁ་ཤས་ཕེབས་ཡོད་ཀྱང་། དེ་དག་ལ་དགོས་ངེས་ཀྱི་རྒྱབ་སྐྱོར་མ་ཐོབ་པའི་རྐྱེན་གྱིས་ད་བར་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཅིག་གི་གོ་ཡུལ་དེ་མུར་ལྷག་ཡོད་པ་ལྟར། ཐེངས་འདིའི་གྲོས་ཚོགས་དང་བསྟུན་བཞུགས་སྒར་དུ་གཞི་རིམ་མི་མང་རེ་འབོད་ཚོགས་པ་ཞེས་པའི་གོ་སྒྲིག་འོག་འཛམ་གླིང་ས་ཕྱོགས་གང་ས་ནས་བོད་མི་ ༥༠༠ ལྷག་ཙམ་ཆེད་ཕེབས་ཀྱིས་གྲོས་ཚོགས་སུ་དེ་འབྲེལ་བཅའ་ཁྲིམས་བསྐྱར་བཅོས་ངེས་པར་དུ་གནང་དགོས་པའི་ཞུ་འབོད་ཀྱི་ལས་འགུལ་ཞིག་དབུ་འཛུགས་གནང་ཡོད།

ཁོང་རྣམ་པ་དེ་རིང་སྔ་དྲོ་གངས་སྐྱིད་སིལ་སྤོལ་ཐང་དུ་འདུ་འཛོམས་ཀྱིས་ལས་འགུལ་བརྩམས་པར་མ་ཟད། དེ་རིང་ཉིན་དགུང་གསོལ་ཚིགས་སྐབས་ཚོགས་པའི་སྐུ་ཚབ་མི་སྣ་གསུམ་གྲོས་ཚོགས་སུ་བཅར་ནས་ཚོགས་དྲུང་དང་མཇལ་མོལ་གྱིས་ཚོགས་གཙོ་སྦྲེལ་པོ་མཆོག་དང་མཇལ་མོལ་གནང་རྒྱུའི་བཀའ་འཁྲོལ་ཞུ་རྒྱུའི་རེ་སྐུལ་ཞུས་པ་ལྟར་སང་ཉིན་ཚོགས་གཙོ་སྦྲེལ་པོ་མཆོག་དང་མཇལ་མོལ་ཐུབ་ཐབས་གནང་རྒྱུའི་བཀའ་མངགས་གནང་ཡོད་སྐོར་གསུངས་སོང་།

གྲོས་ཚོགས་ནས་བཅའ་ཁྲིམས་བསྐྱར་བཅོས་ཀྱི་གྲུབ་དོན་སྙན་ཐོ་སོགས་འཆར་ལོའི་ཕྱི་ཟླ་གཉིས་པའི་ཟླ་མཇུག་ཏུ་གནང་དགོས་པར་གསུངས་ཡོད་ཀྱང་། དེའི་སྔོན་ལ་ཕུལ་ཆོག་གི་མ་རེད་ཅེས་གསལ་མེད་སྟབས། ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་འཕྲལ་དུ་བསྐོ་གཞག་ཐུབ་ཕྱིར་གྲོས་ཚོགས་ཚོགས་དུས་དྲུག་པའི་ཐོག་བཅའ་ཁྲིམས་བསྐྱར་བཅོས་གནང་རྒྱུར་ཚོགས་གཙོ་ཚོགས་གཞོན་རྣམ་གཉིས་ནས་དགོངས་པ་བཞེས་ངེས་ཡིན་པར་གསུངས་ཡོད།

རྩ་བའི་སྐབས་སྔོན་མའི་གྲོས་ཚོགས་སུ་གྲོས་ཆོད་གཏན་འབེབས་དགོངས་དོན་བཞིན་བོད་མི་མང་སྤྱི་འཐུས་ལྔ་ལས་གྲུབ་པའི་ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་སྒྲོམ་གཞི་རང་སོར་གནས་པའི་ཐོག་གསལ་ཁ་དགོས་ངེས་ཀྱི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བསྐྱར་བཅོས་ཇི་དགོས་དང་དེ་འབྲེལ་ཁྲིམས་སྒྲིག་གཞན་ཁག་ལ་བསྐྱར་བཅོས་ཇི་དགོས་སོགས་ལ་བསྐྱར་ཞིབ་དང་ཟིན་བྲིས་བཟོ་བཀོད་ཀྱི་ལས་དོན་ཁག་འདི་ལོའི་ཕྱི་ཟླ་ ༥ ནས་དབུ་འཛུགས་གནང་ཡོད།

བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཚོགས་མི་སྤྱི་འཐུས་ཟླ་ཕུན་སྐྱིད་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཆོད་དགོངས་དོན་ཚོགས་ཆུང་གི་ལས་ཡུན་དེ་ཕྱི་ཟླ་ ༢ པའི་ཟླ་མཇུག་བར་ཡིན་པ་དང་། ཚོགས་ཆུང་ནས་ད་ལྟའི་ཆར་སྙན་ཐོ་སོགས་གང་ཡང་ཕུལ་མེད་ནའང་མི་མང་གི་དགོས་འདུན་དེ་ཁྲིམས་ཞིབ་པ་བསྐོ་གཞག་གི་གནད་དོན་དེ་ཆགས་ཡོད་སྟབས། གནད་དོན་དེ་བཅའ་ཁྲིམས་བསྐྱར་བཅོས་དང་འབྲེལ་བ་ཡོད་ཀྱང་ཚོགས་ཆུང་གི་སྙན་ཐོ་ཆ་ཚང་དགོས་པའི་གནས་སྟངས་ཤིག་མིན་པར་གསུངས་སོང་། པར་ཁག་བོད་མིའི་སྒྲིག་འཛུགས།

འབྲེལ་ཡོད་གསར་གནས།

གསར་གནས།