Tibetan Royal Year of 2151 | Year of the Wood Dragon

Day1

བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༠༌༢༡ ལོའི་སྔོན་རྩིས་ནང་འགྲོ་གྲོན་སྒོར་ས་ཡ་ཉིས་སྟོང་བདུན་བརྒྱ་བཅུ་བཞི་བདུན་འབུམ་ལྷག་གཏན་འབེབས།

དེ་རིང་ཕྱི་ཟླ་ ༣ ཚེས་ ༡༧ ཉིན་གྱི་སྔ་དྲོར་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༢༠༌༢༡ ལོའི་དགོས་དངུལ་སྔོན་རྩིས་བཀའ་འཁྲོལ་ཐོབ་པ་སྒོར་ས་ཡ་༢༧༡༤༧༩༤༦༠༥ གཏན་འབེབས་གནང་སོང་།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གྲོས་ཚོགས་ཚོགས་དུས་དགུ་པ་དབུ་འཛུགས་དང་འབྲེལ། བཙནབྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༤༠ པའི་དགོངས་དོན་བཞིན་གྲོས་ཚོགས་ཚོགས་དུས་ ༩ པ་དེ་དེ་རིང་ནས་ཕྱི་ཚེས་ ༢༧ བར་ལས་ཉིན་བཅུའི་རིང་འཚོགས་གཏན་འཁེལ་ཡོད་ཀྱང་ད་ལྟའི་ཆར་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་གདལ་བྱུང་བའི་ཏོག་དབྱིབས་རིམས་ནད་དེ་རྒྱལ་སྤྱིའི་ཁྱོན་དུ་ཁྱབ་གདལ་ཤུགས་ཆེ་འགྲོ་མུས་ལ་བརྟེན་ཆེས་ཛ་དྲག་རང་བཞིན་ཞིག་ཏུ་འགྱུར་བཞིན་པ་དང་ལྷག་དོན་གནས་ཡུལ་རྒྱ་གར་ནང་དུ་རིམས་དེ་ཉིན་རེ་བཞིན་ཇེ་འཕེལ་འགྲོ་བཞིན་པར་བརྟེན་བཅའ་ཁྲིམས་ ༤༤ པའི་དགོངས་དོན་ལྟར་སྤྱི་ལྷན་རྒྱུན་ལས་དང་བཀའ་བསྡུར་གནང་མཐར་ཉིན་གྲངས་གཅིག་གི་རིང་གྲོས་ཚོགས་འཚོགས་རྒྱུ་མ་གཏོགས་དེ་མིན་ཕྱིར་བཤོལ་གནང་རྒྱུ་ཐུགས་ཐག་བཅད་ཡོད་པ་གསུངས་སོང་།དེ་རིང་སྔ་དྲོར་ཚོགས་གཙོའི་དབུ་འབྱེད་གསུང་བཤད་གྲུབ་མཚམས་སུ་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༢༠༌༢༡ ལོའི་སྔོན་རྩིས་འཆར་འབུལ་གྲོས་ཚོགས་སུ་སྙན་སྒྲོན་ཞུས་པ་དང་འབྲེལ་ཏེ་མ་དངུལ་རྒྱུན་གྲོན་དང་དམིགས་བས་ལས་དོན། དེ་བཞིན་ཟུར་བཀོལ་ལས་འཆར་བཅས་ཀྱི་ཕྱོགས་བསྡོམས་འགྲོ་འཆར་ཧིན་སྒོར་ས་ཡ་ཉིས་སྟོང་བདུན་བརྒྱ་བཅུ་བཞི་ལྷག་རེད་འདུག་པ་དང་། དེ་སྔ་ལོའི་གྲོས་ཚོགས་ནས་གཏན་འབེབས་ཟིན་པའི་སྔོན་རྩིས་དང་བསྡུར་ན་འདི་ལོའི་སྔོན་རྩིས་ནང་སྒོར་ས་ཡ་ ༢༠༩ ལྷག་གི་འགྲོ་གྲོན་འཕར་བ་བྱུང་འདུགའདི་ལོའི་ལོ་འཁོར་མོ་གཅིག་གི་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་འཆར་སྒྲིག་དང་དགོས་དངུལ་སྔོན་རྩིས་འཆར་འབུལ་ཞུས་པ་ལ་གཞིགས་ཚེ་ཕྱོགས་བསྡོམས་འགྲོ་འཆར་ཧིན་སྒོར་ས་ཡ་གཉིས་སྟོང་བདུན་བརྒྱ་བཅུ་བཞི་ནས་ཁྲིམས་བཟོ་དང་འབྲེལ་བའི་འགྲོ་གྲོན་སྒོར་ས་ཡ་ ༥༧།༠༢ དང་ཆབ་སྲིད་དང་འབྲེལ་བའི་འགྲོ་གྲོན་སྒོར་ས་ཡ་ ༥༨༩།༥༥ དེ་བཞིན་འཛིན་སྐྱོང་དང་འབྲེལ་བའི་འགྲོ་གྲོན་སྒོར་ས་ཡ་ ༥༨༦།༡༠ སྤྱི་ཚོགས་དང་འབྲེལ་བའི་འགྲོ་གྲོན་སྒོར་ས་ཡ་ ༡༤༨༣ ལྷག་བཅས་རྒྱབ་གཉེར་ཞུས་འདུག་པར་མ་ཟད་དེའི་ཁོངས་ཆོས་དང་རིག་གཞུང་། འཕྲོད་བསྟེན་ལྟ་སྐྱོང་། ཤེས་ཡོན་དང་འབྲེལ་བའི་ལས་གཞི། སྤྱི་ཚོགས་བདེ་དོན་ལས་གཞི། རོགས་དངུལ་འདུ་འགོད་དང་འབྲེལ་བའི་ལས་གཞི་སོགས་ཀྱི་ཆེད་དུ་སྔོན་རྩིས་འཆར་འབུལ་ཞུས་འདུགསྐབས་དེར་རྩིས་ལོ་ ༢༠༢༠༌༢༡ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་ལོ་འཁོར་སྔོན་རྩིས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ལྟ་ཞིབ་སྙན་ཐོ་སྒྲོག་སྦྱང་དང་འབྲེལ། ཚོད་དཔག་འཆར་རྩིས་ཚོགས་ཆུང་ལ་ལས་ཉིན་ཧ་ཅང་ཉུང་རྐྱེན་དཔལ་འབྱོར་གྱི་གནས་སྟངས་ཞིབ་ཏུ་གཟིགས་རྒྱུ་དཀའ་ཞིང་། སྤྱི་ཚོགས་ནས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གནས་བབ་ལ་བསྐྱར་ཞིབ་ཅིག་དགོས་གལ་དུ་མཐོང་བ་དང་དེ་བཞིན་ཕྱི་ལོ་ ༢༠༢༠ འདི་ལོར་འཛིན་སྐྱོང་བཀའ་ཤག་ངོས་ནས་ལོ་འཁོར་མོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་ཕྱིར་བཀའ་དྲིན་རྗེས་དྲན་གྱི་ལོ་ཡིན་ཞེས་གསལ་བསྒྲགས་གནང་ཟིན་པ་ལྟར་ལྷན་ཁང་སོ་སོའི་སྔོན་རྩིས་ནང་སྤོམ་དངུལ་རེ་བཀོད་འདུག་པ་མ་གཏོགས་བཀའ་དྲིན་རྗེས་དྲན་ཇི་ལྟར་ཞུ་སྟངས་ཀྱི་གནས་ཚུལ་ཞིབ་ཕྲ་གང་ཡང་བཀོད་མེད་སྟབས་མ་འོངས་པར་ལས་དོན་བྱ་རིམ་ལ་ངེས་པར་ཡིད་གཟབ་དགོས་པ་སོགས་ཀྱི་གཟིགས་ཚུལ་ཁག་ཅིག་གསུངས་ཡོད།གཞི་རྩའི་ཉིན་གཅིག་གི་རིང་ཚོགས་པའི་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༩ པའི་ཚོགས་གཙོའི་མཇུག་བསྡོམས་ཀྱི་གསུངས་བཤད་ཁྲོད་ཕྱི་ལོ་ ༢༠༢༠ འདི་ལོར་འཛིན་སྐྱོང་བཀའ་ཤག་ངོས་ནས་ལོ་འཁོར་མོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་རྒྱུ་རེད། བཀའ་དྲིན་རྗེས་དྲན་གྱི་ལོའི་ནང་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་༸རྒྱལ་བའི་བཀའ་དགོངས་གང་ཐུབ་བསྒྲུབ་རྒྱུ་དང་། མཐུན་ལམ་གོང་བུ་གཅིག་ཏུ་བསྒྲིལ་ཏེ་རྩ་དོན་ཁོ་ནའི་ཆེད་དུ་དུས་ཚོད་གཏང་ཐུབ་པ་ཞིག་དང་། དོན་མེད་ང་ཚོའི་སྤྱི་ཚོགས་ནང་དཀྲོག་རྐྱེན་བཟོ་རྒྱུའི་རིགས་སུ་ལའང་དགོས་པ་མེད། མི་དགོས་པ་དེར་དང་ལེན་མ་གནང་བར་རྒྱང་རིང་དུ་བཏང་བའི་ཐོག་ནས་དུས་ཚོད་གང་ཡོད་པ་སྤྱི་པའི་རྩ་དོན་ཆེད་གང་བྱེད་དགོས་པ་དང་། སོ་སོའི་ནུས་པ་གང་འདོན་ཐུབ་པ་དེ་དག་གི་ཐོག་ནུས་པ་མཉམ་སྤུངས་ཐུབ་པར་འབད་དགོས་པའི་གཞེན་བསྐུལ་གནང་སོང་།འདས་པའི་གྲོས་ཚོགས་སྔ་རྗེས་ལྟར་དེ་རིང་ཉིན་གཅིག་གི་རིང་གྲོས་ཚོགས་ལས་རིམ་ཐོག་གཞན་ཡང་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་དོན་ཚན་ལྔ་ཅན་གྱི་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་གཅིག་དང་དེ་བཞིན་འདས་གྲོངས་སུ་གྱུར་བ་བོད་མི་རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་པ་ཡོན་ཏན་ལགས་དང་། ཚེ་འདས་བོད་མི་མང་དགེ་ལུགས་སྤྱི་ཟུར་དམ་པ་དགའ་བྱང་དགེ་བཤེས་ལྷ་རམས་པ་བཀྲིས་རྒྱལ་མཚན་མཆོག་བཅས་ལ་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་གཉིས་སྤྱི་མོས་ཀྱིས་གཏན་འབེབས་གནང་ཡོད་པ་དང་། ལྷག་པར་དུ་དེ་རིང་དུས་ཚོད་རྐྱེན་པས་གཞུང་འབྲེལ་རྗེས་དྲན་དང་མྱ་ངན་གུས་འདུད་ཀྱི་གྲོས་འཆར་ཁག དེ་བཞིན་རྩིས་ལོ་ ༢༠༢༠ དང་ ༢༡ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་ལོ་འཁོར་སྔོན་རྩིས་གཏན་འབེབས་ཐོག་གྲོས་ཚོགས་འཐུས་མི་རྣམས་ནས་བགྲོ་གླེང་གི་ཆ་ཤས་མ་བཞེས་པར་ལས་རིམ་ཡོངས་རྫོགས་མཇུག་སྐྱོང་གནང་སོང་། འོན་ཀྱང་སྐབས་དེར་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས་འདི་ལོའི་ལོ་འཁོར་མོ་གཅིག་གི་སྔོན་རྩིས་འགྲོ་གྲོན་གྱི་དགོས་དངུལ་གཏོང་ཁུངས་དང་འབྲེལ་ནས་བགྲོ་གླེང་དགོས་སྐོར་གྱི་དགོངས་ཚུལ་ཞུས་པར་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ད་རེས་ཏོག་དབྱིབས་རིམས་ནད་རྐྱེན་པས་ཐེངས་འདིའི་སྔོན་རྩིས་གྲོས་ཚོགས་འདི་དེ་རིང་ཉིན་གཅིག་ནང་མཇུག་སྒྲིལ་གནང་དགོས་པས་བགྲོ་གླེང་གི་གོ་སྐབས་གནང་ཐབས་མེད་པའི་གསལ་བཤད་གནང་ཡོད།གཞི་རྩའི་ཏོག་དབྱིབས་རིམས་ནད་རྐྱེན་པས་ཐེངས་འདིའི་གྲོས་ཚོགས་ཚོགས་དུས་ཐོག་ཡུ་རོབ་སྤྱི་འཐུས་ གཉིས་དང་ཨོ་གླིང་དུ་གནས་བཞུགས་སྤྱི་འཐུས་གཉིས། ཨ་རིར་གནས་བཞུགས་སྤྱི་འཐུས་གཉིས། དེ་བཞིན་བལ་ཡུལ་དུ་གནས་བཞུགས་སྤྱི་འཐུས་གཅིག་དང་དྷ་སར་གནས་བཞུགས་སྤྱི་འཐུས་གཅིག་བཅས་ཁྱོན་སྤྱི་འཐུས་བརྒྱད་ཚོགས་བཅར་གནང་ཐུབ་མི་འདུག

སྐབས་༡༦ པའི་གྲོས་ཚོགས་ཚོགས་དུས་ ༨ པ་དབུ་འཛུགས་གནང་སོང་།

༸སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཐག་གཅོད་ཀྱི་དབང་ཚད་ཆ་ཚང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཉིད་མཆོག་ལ་ཡོད་པ་ལས་ཆོས་མེད་སྨྲ་བའི་རྒྱ་ནག་དམར་གཞུང་གི་དབང་འཛིན་པ་ཚོར་མེད་པར་ནན་བརྗོད་དང་བཅས་དེ་རིང་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༨ པ་དབུ་འཛུགས་གནང་སོང་། དེ་རིང་སྔ་དྲོ་ཕྱག་ཚོད་ ༩༌༣༠ ཐོག་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དབུ་བཞུགས་ཐོག་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༨ པ་དབུ་འཛུགས་གནང་སྟེ་དེ་རིང་ཉིན་དང་པོའི་ལས་རིམ་ཐོག་གཙོ་བོ་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་ཁག་ ༩ ཙམ་གཏན་འབེབས་དང་། དེའི་རྗེས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་བཏོན་ཐོག་ཉིན་རྒྱབ་ཀྱི་ཚོགས་དུས་བར་དུ་དེའི་ཐོག་བགྲོ་གླེང་ལྷུག་པོ་གནང་རྗེས་མཐར་སྤྱི་མོས་ཐོག་དོན་ཚན་ ༥ ཅན་གྱི་གྲོས་ཆོད་ཅིག་བཞག་གནང་སོང་། གྲོས་ཆོད་དེའི་ནང་གཙོ་བོ་མ་འོངས་པར་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཐག་གཅོད་ཀྱི་དབང་ཚད་ཆ་ཚང་༸གོང་ས་མཆོག་༸སྐུ་སྒེར་ལ་ཡོད་པ་ལས་ཆོས་མེད་སྨྲ་བའི་རྒྱ་ནག་དམར་གཞུང་གི་དབང་འཛིན་པ་ཚོར་མེད་པར་ནན་བརྗོད་དང་བཅས་བོད་མིའི་སྒྲིག་འཛུགས་ཀྱིས་དབུ་མའི་ལམ་བརྒྱུད་ཞི་མོལ་ཡོང་ཐབས་ལ་འབད་བརྩོན་ཡོད་རྒུ་གནང་བཞིན་པ་ལྟར་རྒྱ་གཞུང་གི་ངོས་ནས་ཀྱང་ཁ་ཞེ་གཉིས་མེད་ཀྱིས་བོད་རྒྱ་ཞི་མོལ་འཕྲལ་དུ་འགོ་འཛུགས་དགོས་རྒྱུ་གསལ་པོར་འཁོད་འདུག གཞུང་འབྲེལ་གྱི་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དེའི་ཐོག་དེ་རིང་ཉིན་གང་ལ་བགྲོ་གླེང་གནང་བའི་ཁྲོད་ཁྱོན་སྤྱི་འཐུས་ ༡༩ ཙམ་དང་སྲིད་སྐྱོང་བཅས་གྱིས་མཉམ་ཞུགས་གནང་ཡོད་པ་དང་། སྐབས་དེར་སྤྱི་འཐུས་རྣམས་ཀྱིས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ལ་རྒྱབ་སྐྱོར་ཞུས་པ་དང་འབྲེལ། རྒྱ་ནག་ལ་༸སྐུའི་ཡང་སྲིད་ཐད་ཐེ་བྱུས་བྱེད་རྒྱུ་ཕར་ཞོག ཐ་ན་དེའི་སྐོར་སྐད་ཆ་ཙམ་ཡང་བཤད་རྒྱུའི་ཐོབ་ཐང་མེད་པ་དང་། གནད་དོན་དེའི་ཐོག་བོད་པའི་སྤྱི་ཚོགས་ནང་གི་ཤེས་ཡོན་ལྡན་པའི་མི་སྣ་ཡོངས་རྫོགས་ཀྱིས་འགན་ཁུར་བླངས་ཏེ་རྒྱ་ནག་ལ་ཡ་ལན་ཁ་གཏད་གཅོག་དགོས་པ་སོགས་ཀྱི་དགོངས་ཚུལ་གསུངས་སོང་བ་མ་ཟད་བོད་རྒྱ་འབྲེལ་མོལ་གྱི་གནད་དོན་དང་དམིགས་བསལ་སྐུ་ཚབ་བསྐོ་གཞག་དང་འབྲེལ་བའི་གནད་དོན་ཐོག་ལ་ཡང་བགྲོ་གླེང་ལྷུག་པོ་གནང་ཡོད་པ་རེད། གཞི་རྩའི་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པ་དབུ་འཛུགས་སྐབས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་དབུ་འབྱེད་གཏམ་བཤད་ནང་ཐེངས་འདིའི་གྲོས་ཚོགས་ཀྱི་ལས་འཆར་ཁག་ངོ་སྤྲོད་དང་། འཛིན་སྐྱོང་བཀའ་ཤག་ནས་སྤྱི་འཐུས་ལྷན་ཚོགས་ལ་ལས་བསྡོམས་འབུལ་དགོས་ཀྱི་ཡོད་པ་ལྟར། ང་ཚོ་སྤྱི་འཐུས་རྣམས་མི་མང་གི་བདམས་པ་ཡིན་པའི་ཆ་ནས་མི་མང་ལ་ལས་བསྡོམས་འབུལ་དགོས་གལ་ཡིན་པའི་གསུང་བཤད་གནང་བ་དང་འབྲེལ། སྐབས་རེར་མང་ཚོགས་ཁྲོད་སྤྱི་ཚོགས་ནང་མ་མཐུན་པ་དང་མ་འགྲིག་པ་མང་དག་ཅིག་གྲོས་ཚོགས་ནས་འགོ་འཛུགས་ཀྱི་ཡོད་པར་གསུང་མཁན་ཡོད་པ་དེ་ཐབས་སྐྱོ་བོ་ཡིན་པར་གསུངས་པ་དང་ཆབ་ཅིག་ཏུ་ད་ནས་བཟུང་ང་ཚོའི་སྤྱི་ཚོགས་ནང་མ་འགྲིག་པ་དང་མ་མཐུན་པའི་གནད་དོན་གང་ཡོད་པ་རྣམས་མཐུན་པ་བཟོ་དགོས་པ་དེ་གྲོས་ཚོགས་ནས་འགོ་འཛུགས་དགོས་པའི་རེ་སྐུལ་ཞུས་སོང་། རྩ་བའི་ཐེངས་འདིའི་གྲོས་ཚོགས་ཀྱི་ཚོགས་དུས་བརྒྱད་པའི་ཐོག་གཙོ་བོ་འཛིན་སྐྱོང་བཀའ་ཤག་གི་ལས་ཁུངས་མ་ལག་དང་བཅས་པའི་ལྷན་ཁང་ཁག་གི་ལས་བསྡོམས་སྙན་ཐོ་འགོ་འབུལ་དང་དེའི་ཐོག་བགྲོ་གླེང་སོགས་གནང་གི་ཡོད་པ་ལྟར། དེ་རིང་ཉིན་རྒྱབ་ཀྱི་ཚོགས་དུས་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་གྱིས་དེའི་ཐོག་བགྲོ་གླེང་གནང་ཡོད་པ་རེད།  

དཔལ་འབྱོར་བཀའ་བློན་མཆོག་གིས་གྲོས་ཚོགས་སུ་ཧིན་སྒོར་ས་ཡ་ ༢༥༠༥ ལྷག་ཙམ་གྱི་སྔོན་རྩིས་འཆར་འབུལ་ཞུས་པ།

དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ཉིན་རྒྱབ་ཀྱི་ཚོགས་ཐུན་ཐོག་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་རྩིས་ལོ་ ༢༠༡༩་༢༠ ལོའི་ལས་ཁུངས་མ་ལག་དང་བཅས་པའི་སྔོན་རྩིས་གསུང་བཤད་གནང་བ་དང་འབྲེལ། རྩིས་ལོ་ ༢༠༡༩་༢༠ ལོའི་ཕྱོགས་བསྡོམས་ཚོད་དཔག་འགྲོ་གྲོན་ཧིན་སྒོར་ས་ཡ་ ༢༥༠༥ ལྷག་འཆར་འབུལ་ཞུས་ཡོད་པ་དང་། དེའང་སྔ་ལོའི་སྔོན་རྩིས་བཀའ་འཁྲོལ་གཏན་འབེབས་བྱུང་བར་གཞིགས་ན་སྒོར་ས་ཡ་ ༡༤༧ ལྷག་ཉུང་བ་ཆགས་ཀྱི་འདུགའཛིན་སྐྱོང་བཀའ་ཤག་གི་སྔོན་རྩིས་འདི་བོད་མིའི་སྒྲིག་འཛུགས་བཀའ་ཤག་སྐབས་བཅོ་ལྔ་པའི་སྔོན་རྩིས་འབུལ་ཐེངས་གསུམ་པ་དེ་ཆགས་ཀྱི་ཡོད་པ་དང་། རྩིས་ལོ་ ༢༠༡༩་༢༠ ལོའི་ཕྱོགས་བསྡོམས་སྔོན་རྩིས་ས་ཡ་ ༢༥༠༥ ལྷག་ཙམ་རྒྱབ་གཉེར་ཞུས་པའི་ཁོངས་ནས་རྒྱུན་གྲོན་སླད་ས་ཡ་ ༧༣༠ ལྷག་ཙམ་དང་དམིགས་བསལ་ལས་དོན་ཆེད་སྒོར་ས་ཡ་ ༣༩༧ ལྷག་ཙམ། དེ་བཞིན་དམིགས་བཀར་ལས་འཆར་སླད་སྒོར་ས་ ༡༣༧༧ ལྷག་ཙམ་འཆར་འབུལ་ཞུས་འདུགཆབ་སྲིད་དང་འབྲེལ་བའི་ཐོག་བརྒྱ་ཆ་ ༢༣ ལྷག་དང་ཤེས་ཡོན་དང་འབྲེལ་བའི་ཐོག་བརྒྱ་ཆ་ ༢༢ ལྷག སྤྱི་ཚོགས་དང་འབྲེལ་བ་བརྒྱ་ཆ་ ༢༡ ལྷག འཛིན་སྐྱོང་དང་འབྲེལ་བའི་བརྒྱ་ཆ་ ༡༥ ལྷག འཕྲོད་བསྟེན་དང་འབྲེལ་བའི་བརྒྱ་ཆ་ ༨ ལྷག ཆོས་ཕྱོགས་དང་འབྲེལ་བའི་བརྒྱ་ཆ་ ༤ ལྷག དེ་བཞིན་ཁྲིམས་བཟོ་དང་འབྲེལ་བའི་བརྒྱ་ཆ་ ༣་༩༧ བཅས་ཆགས་ཀྱི་འདུགཐེངས་འདིར་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་གྲོས་ཚོགས་སུ་རྩིས་ལོ་ ༢༠༡༩་༢༠ ལོའི་ཕྱོགས་བསྡོམས་སྔོན་རྩིས་འཆར་འབུལ་ཞུས་པའི་ཁོངས་སུ་དགོན་སྡེ་ཁག ༣༠༠ ལྷག་གི་དཔེ་ཁྲིད་དགེ་རྒན་ལ་གསོལ་ཕོག་གི་དོད་འབུལ་རྒྱུ་དང་༸གོང་ས་མཆོག་གི་བཀའ་དགོངས་ལམ་སྟོན་གཞིར་བཟུང་འདི་ལོར་བོད་རིགས་གཞོན་སྐྱེས་ཚོར་དམིགས་ཏེ་སོ་ནམ་ཞིང་ལས་དང་འབྲེལ་བའི་སློབ་སྟོན་དང་བུན་སྟོང་སྐྱེ་ལྡན་སོ་ནམ་དང་ཞིང་ལས་འཛུགས་བསྐྲུན། དེ་བཞིན་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན། དེ་བཞིན་དམིགས་བསལ་ཚོགས་ཆེན་བཅས་ཆགས་ཀྱི་ཡོད་པ་རེད། དཔལ་འབྱོར་བཀའ་བློན་མཆོག་གིས་སྔོན་རྩིས་གསུང་བཤད་གནང་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་འགྲོ་གྲོན་ལ་ཕན་པའི་དགོས་དངུལ་ཡོང་ཁུངས་གཙོ་བོ་མང་ཚོགས་ཀྱི་དང་བླངས་དཔྱ་དངུལ་འབུལ་འབབ་དང་འབུལ་འབབ་གཞན། ལས་ཁུངས་སོ་སོའི་མ་དངུལ་དང་དེའི་སྐྱེད་འབབ་ལས་གཞན་ཡོང་དམིགས་ཕུགས་གཏན་འཁེལ་བ་མེད་པས་བཙན་བྱོལ་བའི་གནས་བབས་དང་མཚུངས་པའི་འགྲོ་གྲོན་བསྲི་ཚགས་གནང་རྒྱུའང་འཕྲལ་ཕུགས་ཀྱི་གནས་བབས་ཐོག་ནས་གལ་གནད་ཆེན་པོ་ཆགས་ཀྱི་ཡོད་སྟབས། འགྲོ་གྲོན་གཏོང་ཕྱོགས་ཐད་དགོངས་བཞེས་ཡོང་བའི་ཞུ་སྐུལ་གནང་སོང་བ་དང་བཙན་བྱོལ་བའི་གནས་བབས་འདི་དེ་སྔ་དང་བསྡུར་ན་བཟང་དུ་ཕྱིན་ཡོད་པས་ཚང་མས་གཞན་རྟེན་གྱི་བསམ་བློ་དོར་ནས་རང་ཁ་རང་གསོ་ཐུབ་རྒྱུར་འབད་དགོས་པའི་གཞེན་སྐུལ་གནང་ཡོད། དཔལ་འབྱོལ་བཀའ་བློན་མཆོག་གིས་རྩིས་ལོ་ ༢༠༡༩ དང་ ༢༠༢༠ ལོའི་ལས་ཁུངས་མ་ལག་དང་བཅས་པའི་ཕྱོགས་བསྡོམས་ཚོད་དཔག་འགྲོ་གྲོན་སྔོན་རྩིས་འཆར་འབུལ་ཞུས་པའི་རྗེས་སུ་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོ་སྙན་སྒྲོན་ཞུས་ཡོད་པ་དང། སྙན་ཐོའི་ནང་གསལ་ལྟར་ན་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གིས་འདི་ལོ་བཀའ་ཤག་གི་སྔོན་རྩིས་འཆར་འབུལ་ལ་དམིགས་བསལ་གཅོག་སྤར་གང་ཡང་གནང་མི་འདུག

སྐབས་ ༡༦ པའི་སྤྱི་ལྷན་གྲོས་ཚོགས་ཚོགས་དུས་ ༧ པ་དབུ་འཛུགས།

དེ་རིང་ཟླ་ ༣ ཚེས་ ༡༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩༌༣༠ ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པ་དབུ་འཛུགས་དང་སྦྲགས། ཚོགས་དུས་འདིའི་ཐོག་སྤྱི་འཐུས་རྣམ་པས་བཀའ་མོལ་གང་གནང་ཡང་བོད་རྒྱལ་ཁབ་དང་མི་རིགས་ལ་ཐུགས་ཕན་གསོས་པ་ཞིག་གནང་དགོས་གལ་ཡིན་པ་གསུངས་སོང་།  བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གྲོས་ཚོགས་ཚོགས་དུས་བདུན་པ་དབུ་འཛུགས་དང་འབྲེལ་འདས་པའི་ཟླ་བ་དྲུག་ལྷག་གི་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རྒྱ་གར་དང་བལ་ཡུལ་གཙོ་གྱུར་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ཅིག་ཏུ་གཞུང་འབྲེལ་འཚམས་གཟིགས་དང་། བོད་དོན་ཞུ་གཏུགས། དེ་བཞིན་བཞུགས་སྒར་དུ་ཆེད་བཅར་ཞུས་པའི་ཕྱིའི་རྒྱལ་ཁབ་ཁག་གི་གྲོས་ཚོགས་འཐུས་མི་དང་གནད་ཡོད་མི་སྣ། དེ་བཞིན་རིག་གཞུང་འཁྲབ་སྟོན་པ་སོགས་ལ་དགའ་བསུའི་འཚམས་འདྲི་དང་བོད་དོན་སྙན་གསེང་ཞུས་ཡོད་པ་སོགས་གྲོས་ཚོགས་ཀྱི་ལས་དོན་གནང་ཟིན་པ་ཁག་ངོ་སྤྲོད་གནང་ཡོད།ཚོགས་གཙོ་མཆོག་གིས་ཐེངས་འདིའི་གྲོས་ཚོགས་ཀྱི་ཚོགས་དུས་རིང་ལ་སྤྱི་འཐུས་རྣམ་པ་མང་ཚོགས་ཀྱིས་རེ་བ་དང་ཡིད་ཆེས་གནང་བའི་ཐོག་ནས་འོས་འདེམས་བྱུང་བ་ཤ་སྟག་ཡིན་སྟབས། ལས་དོན་གང་ཞིག་གནང་ཚེ་གཞིས་བཞུགས་རྒྱ་ཆེ་མང་ཚོགས་ཐུགས་མ་ཕམ་པ་ཞིག་དང་། གྲོས་ཚོགས་ནང་བཀའ་མོལ་གང་གནང་ཡང་བོད་རྒྱལ་ཁབ་དང་མི་རིགས་ལ་ཐུགས་ཕན་གསོས་པ་ཞིག་གནང་དགོས་གལ་ཡིན་པར་ལམ་སྟོན་གནང་ཡོད།  ཚོགས་གཙོའི་དབུ་འབྱེད་གསུང་བཤད་གྲུབ་མཚམས་སུ་ཉེ་ལམ་བལ་ཡུལ་གྱི་གནས་མཆོག་ཡང་ལེ་ཤོད་གྱི་ཉེ་འདབས་སུ་གློ་བུར་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་པ་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་༸སྐྱབས་རྗེ་ཀཿཐོག་དགེ་རྩེ་རིན་པོ་ཆེ་མཆོག་དང་། ཨ་མདོ་རྔ་བ་རྫོང་ཐོག་ཏུ་རྒྱ་གཞུང་གི་དྲག་གནོན་ཅན་གྱི་སྲིད་བྱུས་ལ་ཞུ་འབོད་སླད་རང་ལུས་མེར་བསྲེགས་གནང་སྟེ་སྐུ་འདས་གྲོངས་སུ་གྱུར་བ་རྡོ་པོ་ལགས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བྱང་ཨ་རིའི་དམིགས་བསལ་སྐུ་ཚབ་ཟུར་པ་བཀའ་ཟུར་རྒྱ་རི་རིན་པོ་ཆེ་དམ་པ་མཆོག བོད་མི་མང་སྤྱི་ཟུར་མངའ་རིས་ཁྱུང་ལྷོ་གྲགས་པ་རྣམ་རྒྱལ་ལགས། དེ་བཞིན་ཡུན་རིང་ནས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་རྒྱ་གར་གྱི་བདེ་སྲུང་བློན་ཆེན་ཟུར་པ་སྐུ་ཞབས་ཇོར་ཇི་ཕར་ནན་ཌི་སི་མཆོག་དང་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ George HW Bush དམ་པ་མཆོག་བཅས་ཀྱི་མཛད་རྗེས་ལ་ཆེ་བསྟོད་དང་དྲན་གསོ་ཞུས་ཏེ་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་ཁག་སྤྱི་མོས་ཀྱིས་གཏན་འབེབས་གནང་ཡོད།དེ་བཞིན་ད་བར་བོད་དོན་ཆེད་སྐུ་སྲོག་བློས་བཏང་གནང་མཁན་རྒྱལ་གཅེས་པ་ཡོངས་ཀྱི་སྙིང་སྟོབས་ལ་ཆེ་བསྟོད་ཞུ་རྒྱུའི་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་གྲོས་ཚོགས་སུ་སྙན་སྒྲོན་ཞུས་ཡོད་པ་དང་། གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དེའི་ནང་ཕྱི་ལོ་ ༢༠༡༩ ལོ་འདི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་ ༧༠ དང་བོད་དུ་མང་གཙོ་བཅོས་སྒྱུར་བྱས་ཏེ་ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱ་ལ་བཅིངས་བཀྲོལ་བཏང་ནས་ལོ་ ༦༠ སོགས་ལོ་གྲངས་སྣ་མང་འཛོམས་པའི་དུས་ཚིགས་གནད་འགག་ཅན་ཞིག་ཏུ་ངོས་འཛིན་གནང་བཞིན་ཡོད་ཀྱང་དུས་ཡུན་དེའི་རིང་གཅིག་བསྡུས་དབང་སྒྱུར་འོག་བོད་ཐོག་འཛིན་པའི་དྲག་གནོན་དང་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་བཏང་མེད་པ་ཆེད་བཀོད་གནང་འདུགརྒྱ་ནག་གིས་བོད་དབང་སྒྱུར་བྱས་པ་ནས་བཟུང་བོད་མིའི་ཆོས་དད་རང་དབང་ལ་དམ་དྲག་དང་། བོད་ཀྱི་རང་བྱུང་ཁོར་ཡུལ་ལ་གནོད་པའི་གཏེར་ཁ་སྔོག་འདོན་དང་གཙང་པོ་ཁ་སྒྱུར་སོགས་ཀྱི་ལས་གཞི་སྤེལ་བ་མ་ཟད། ལྷག་པར་དུ་ཉེ་ཆར་བོད་ལྗོངས་ཉིན་རེའི་གསར་ཤོག་ཐོག་ཏཱ་ལའི་སྐུ་ཕྲེང་བཅུ་བཞི་པའི་ལོག་སྤྱོད་ཀྱི་ངོ་བོར་ངོས་འཛིན་གསལ་པོ་བྱེད་དགོས་སྐོར་གྱི་དཔྱད་གཏམ་སོགས་སྤེལ་ཏེ་གཞིས་བཞུགས་བོད་མིའི་སེམས་ཁམས་ལ་ཕོག་ཐུག་ཤུགས་ཆེ་བཏང་ཡོད་པ་དང་། རྒྱ་གཞུང་གིས་འདས་པའི་ལོ་དུས་དེ་དག་ཁྲོད་རང་ལུས་མེར་སྲེག་གནང་མཁན་རྣམས་ཀྱི་དགོས་འདུན་ལའང་བདག་སྤྲོད་བྱས་མེད་པ་སོགས་ཐེར་འདོན་གནང་ཡོད།སྔ་དྲོའི་ཚོགས་དུས་རིང་བོད་མི་མང་སྤྱི་འཐུས་ ༡༨ ནས་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ལ་རྒྱབ་སྐྱོར་དང་སྦྲགས་ནས་ད་ལྟའི་བོད་ནང་གི་ཛ་དྲགས་གནས་སྟངས་ཐོག་བགྲོ་གླེང་གི་ཆ་ཤས་བླངས་ཡོད། གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཐོག་སང་ཉིན་གྲོས་ཚོགས་ཀྱི་ལས་ཉིན་གཉིས་པར་སྤྱི་འཐུས་རྣམ་པས་མུ་མཐུད་བགྲོ་གླེང་གནང་རྒྱུ་ཡིན་པ་རེད།   གཞི་རྩའི་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པ་ཐོག་བོད་མིའི་སྒྲིག་འཛུགས་ནས་རྩིས་ལོ་ ༢༠༡༩་༢༠ ལོའི་ལས་ཁུངས་མ་ལག་དང་བཅས་པའི་སྔོན་རྩིས་བཀའ་ཁྲོལ་གཏན་འབེབས་གནང་གི་ཡོད་པ་ལྟར། དེ་རིང་ཉིན་རྒྱབ་ཀྱི་ཚོགས་དུས་ཐོག་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༡༩༌༢༠༢༠ ལོའི་སྔོན་རྩིས་གྲོས་ཚོགས་སུ་འགོད་འབུལ་ཞུས་ཡོད་པ་རེད།

སྐབས་ ༡༦ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པ་དབུ་འཛུགས་གནང་བ།

དེ་རིང་ཟླ་ ༩ ཚེས་ ༡༨ ཉིན་སྔ་དྲོ་ཚོུད་ ༩༌༣༠ ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཚོགས་འདུ་དབུ་འཛུགས་ཀྱི་གསལ་བསྒྲགས་བསྐྱངས་པ་དང་སྦྲགས། རྒྱ་ནག་གཞུང་ནས་བོད་དོན་ཐོག་བསྐྱར་ཞིབ་ཚད་ལྡན་ཞིག་གནང་སྟེ་བོད་རྒྱ་གྲོས་མོལ་དོན་ལྡན་ཞིག་ཡོངབར་དགོངས་བཞེས་གནང་གལ་ཆགས་འདུག་ཅེས་ནན་སྐུལ་གནང་སོང་། དེ་རིང་སྔ་དྲོ་ཚོུད་ ༩།༣༠ ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཚོགས་འདུ་དབུ་འཛུགས་ཀྱི་གསལ་བསྒྲགས་བསྐྱངས་པ་དང་སྦྲགས། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་དང་པོ་ཚོགས་ཡོད། དབུ་འབྱེད་གསུང་བཤད་སྐབས་ཚོགས་གཙོ་མཆོག་གིས་གྲོས་ཚོགས་འཐུས་མི་རྣམས་ནས་གྲོས་ཚོགས་ཀྱི་རྣམ་དཔྱོད་འབུར་དུ་ཐོན་པའི་ཐོག་ནས་ཕྱག་ལས་གནང་དགོས་གལ་ཡིན་པ་དང་། ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་རེ་གཞིར་བཟུང་ལྷག་བསམ་རྣམ་དག་ངང་འགན་འཁུར་བཞེས་དགོས་པ་མ་ཟད་གཞུང་ལུགས་ཀྱི་ལས་དོན་ཐོག་ཕྱ་ར་གྲུ་འདེགས་གནང་དགོས་ཞེས་གསུངས་སོང་། རྒྱ་ནག་གཞུང་ནས་བོད་ནང་འཛུགས་སྐྲུན་གྱི་ལས་གཞི་དང་ཆབ་སྲིད་ཀྱི་སློབ་གསོའི་བརྒྱུད་བོད་དང་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པ་གཞི་འཛིན་ས་མེད་པ་བཟོ་བཞིན་ཡོད་ཀྱང་།  གཞིས་ལུས་བོད་མིས་ལྷག་བསམ་དང་སྙིང་སྟོབས་ཞུམ་པ་མེད་པར་རྒྱ་གཞུང་གི་སྲིད་བྱུས་ལ་འདོད་པ་མེད་པའི་རྣམ་འགྱུར་བཏོན་ཏེ་ད་བར་བོད་མི་ ༡༥༢ ནས་རང་ལུས་མེར་བསྲེགས་གནང་ཡོད་པ་དང་། ལྷག་པར་དུ་རྒྱ་གཞུང་གི་བོད་ཐོག་འཛིན་པའི་སྲིད་བྱུས་འོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྤྱི་དང་སྒོས་ཆོས་དད་རང་དབང་གི་གནས་སྟངས། ཆབ་སྲིད་བཙོན་པའི་གནས་སྟངས། དེ་བཞིན་ཁོར་ཡུག་གི་གནས་སྟངས་སོགས་ཉིན་རེ་ནས་ཉིན་རེ་བཞིན་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་སོགས་འགྲེལ་བརྗོད་ཀྱིས་རྒྱ་ནག་གཞུང་ནས་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་དང་བོད་ནང་གི་གནས་སྟངས་དང་བོད་དོན་ཐོག་བསྐྱར་ཞིབ་ཚད་ལྡན་ཞིག་གནང་སྟེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེས་དང་། བོད་མིའི་སྒྲིག་འཛུགས་ཀྱི་བཞེངས་ཕྱོགས་གཉིས་སྨན་དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱ་གྲོས་མོལ་དོན་ལྡན་ཞིག་ཡོངབར་དགོངས་བཞེས་གནང་གལ་ཆགས་འདུག་ཅེས་ནན་སྐུལ་གནང་སོང་། ཚོགས་གཙོ་མཆོག་གི་དབུ་འབྱེད་གསུང་བཤད་གྲུབ་མཚམས་སུ་ཉེ་ལམ་དགོངས་པ་རྫོགས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཟུར་འཕྱོངས་རྒྱས་གྲྭ་བཞི་བརྒྱ་དཔོན་སྐལ་བཟང་དགྲ་འདུལ་ལགས་དམ་པ་དེ་ཉིད་དང་། རྒྱ་གར་གྱི་སྲིད་བློན་ཟུར་པ་སྐུ་ཞབས་ཨ་ཊལ་བྷི་ཧཱ་རི་བྷ་ཇི་པ་ཡི་དམ་པ་མཆོག དེ་བཞིན་བོད་དོན་ལ་ཐུགས་སྣང་ཆེ་བའི་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇོན་མེ་ཀེན་དམ་པ་མཆོག་བཅས་ཀྱི་མཛད་རྗེས་དྲན་གསོ་དང་སྦྲགས་སྤྱི་མོས་ཐོག་ནས་གཞུང་འབྲེལ་གྱི་རྗེས་དྲན་དང་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གཏན་འབེབས་གནང་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་ཁོང་རྣམ་པའི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་དང་བཀའ་དྲིན་རྗེས་དྲན་ཞུས་ཡོད། དེ་རིང་ཚོགས་དུས་ཉིན་དང་པོའི་ཐོག་ད་བར་བོད་དོན་ཆེད་སྐུ་སྲོག་བློས་བཏང་གནང་མཁན་རྒྱལ་གཅེས་པ་ཡོངས་ཀྱི་སྙིང་སྟོབས་ལ་ཆེ་བསྟོད་ཞུ་རྒྱུའི་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཁག་ཅིག་གྲོས་ཚོགས་སུ་སྙོན་སྒྲོན་བརྒྱུད་གྲོས་ཚོགས་འཐུས་མི་རྣམས་སྐུ་བཞེངས་ཐོག་མྱ་ངན་གུས་འདུད་ཞུས་ཡོད་པ་མ་ཟད། བོད་མི་མང་སྤྱི་འཐུས་ཁག་ཅིག་ནས་གྲོས་ཆོད་གྲོས་འཆར་དེ་ལ་རྒྱབ་བསྐྱོར་དང་འབྲེལ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་བགྲོ་གླེང་གི་ཆ་ཤས་ཀྱང་བཞེས་ཡོད།གཞི་རྩའི་སྐབས་ ༡༦ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པ་འདིའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གི་ཕྱི་ལོ་ ༢༠༡༧ དང་ ༢༠༡༨ ལོའི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་ཐོག་ཞིབ་བཤེར་གནང་གི་ཡོད་པ་མ་ཟད། འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཀྱི་བཟོ་བཅོས་ཁྲིམས་འཆར་ཐོག་གྲོས་བསྡུར་དང་། ཁྲིམས་སྒྲིག་བསྐྱར་བཅོས་ཁག་ཅིག་བཅས་གནང་གི་ཡོད་པ་རེད།

Latest news