ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༥ ཉིན་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གསུམ་པ་མཇུག་སྒྲིལ་དང་འབྲེལ། ༸སྐུའི་ཡང་སྲིད་ཀྱི་ཡོངས་ཁྱབ་གསལ་བསྒྲགས་ལ་རྒྱལ་སྤྱིའི་ཁྲོད་ངོས་འཛིན་བརྩི་འཇོག་གཅིག་མཚུངས་དགོས་པ་སོགས་ཀྱི་ནང་དོན་འཁོད་པའི་བསྒྲགས་གཏམ་སྤེལ་འདུག

དེའང་དེ་རིང་གི་མཇུག་སྡོམ་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ཕེབས་ཏེ། ཁོང་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་དེ་ཚང་མས་དྲན་དགོས་པ་དང་། བཀའ་དགོངས་བསྒྲུབ་རྒྱུར་འབད་བརྩོན་གནང་རྒྱུ་ནི་གལ་ཆེན་པོ་རེད་ཅེས་གསུངས་པ་མ་ཟད། བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་། དེ་བཞིན་སྐད་ཡིག་སོགས་ལ་སློབ་སྦྱོང་བྱེད་རྒྱུ་གལ་ཆེ་བས་དེང་སྐབས་ནུབ་ཕྱོགས་པའི་མི་མང་དག་ཅིག་གིས་བོད་ཡིག་སྦྱངས་ནས་ཡིག་བསྒྱུར་གྱི་ལས་འགན་བཞེས་མུས་ཡིན་པས་བོད་པ་ཚོས་དེ་བས་ཀྱང་བོད་ཡིག་སྦྱོང་དགོས་པ་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་གསུངས་སོང་།

རྩ་བའི་ཚོགས་ཆེན་མཇུག་སྡོམ་གྱི་བསྒྲགས་གཏམ་དེའི་ནང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༢ ཉིན་སྤེལ་བའི་༸རྒྱལ་བའི་ཡང་སྲིད་ཐད་ལམ་སྟོན་བཀོད་ཁྱབ་ཇི་ལྟར་གནང་བ་བཞིན་འཛམ་གླིང་ཤར་ནུབ་ཚང་མས་ངོས་འཛིན་བརྩི་འཇོག་གཅིག་མཚུངས་དགོས་པ་ལས། རྒྱ་དམར་སྲིད་གཞུང་གཙོ་བོར་བྱས་པའི་རང་དོན་ཁོག་བཅུག་གིས་བྱུས་ངན་ཤོམ་མཁན་སུ་ལའང་ངོས་ལེན་མེད་པ་མ་ཟད་དགག་པ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་འཁོད་ཡོད་པ་དང་། དེ་བཞིན་རྒྱ་གཞུང་གིས་རང་གི་ཆབ་སྲིད་དགོས་མཁོའི་སླད་སྔར་མེད་གསར་སྤྲོས་ཀྱིས་བདེན་དཔང་ཡིན་ཚུལ་གྱི་ལོག་འགྲེལ་སྣ་ཚོགས་ཤིག་བྱས་པ་བརྒྱུད། བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་དང་བོད་ལྗོངས་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་ཟེར་བ་ལ་སོགས་པའི་སྲིད་བྱུས་ཡོངས་རྫོགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན་པ་བརྗོད་ཡོད་འདུག

དེ་བཞིན་བོད་མི་ཡོ་དོ་ཅོག་ཆིག་སྒྲིལ་གྱིས་འཐབ་རྩོད་རྒྱུན་འཁྱོངས་དང་རང་དབང་སླར་གསོ་བྱ་རྒྱུ། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ། རང་དབང་དང་དྲང་བདེན་ལ་རྩོད་ལེན་གནང་བཞིན་པའི་རྒྱལ་ཁབ་དང་མི་རིགས་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་སོགས་ཀྱི་ནང་དོན་འཁོད་པའི་བསྒྲགས་གཏམ་སྤེལ་ཏེ་མཇུག་བསྒྲིལ་གནང་སོང་།
གཞི་རྩའི་ཟླ་འདི་ཚེས་ ༣ ཉིན་ནས་བཟུང་བཞུགས་སྒར་རྡ་རམ་ས་ལའི་ཉེ་འཁྲིས་སུ་ཆགས་པའི་དབུས་སྣེ་ལེན་ཁང་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་བོད་ཀྱི་མ་འོངས་འདུན་ལམ་ཆེད། བོད་དོན་འཐབ་རྩོད་ཀྱི་འབོད་སྒྲ་དང་། ལས་འགུལ་གྱི་ནུས་པ་གོང་མཐོར་གཏོང་རྒྱུར་དམིགས་པས་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གསུམ་པ་འཚོགས་གནང་ཡོད་པ་དང་། ཐེངས་འདིའི་ཚོགས་ཆེན་ཐོག་རྒྱ་གར་དང་བྱང་ཨ་རི། ཡུ་རོབ། གཞན་ Scandinavian སོགས་རྒྱལ་ཁབ་ཁག་ ༡༥ ཙམ་ནས་ཚོགས་བཅར་བ་བོད་མིའི་གཞོན་སྐྱེས་ཁྱོན་ ༩༥ ཙམ་མཉམ་ཞུགས་གནང་ཡོད་པ་རེད།



