རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་ཆེན་ཐེངས་དྲུག་པའི་ཐོག་བྱམས་བརྩེའི་ལོ་སྲུང་བརྩི་ཞུ་ཕྱོགས་ཀྱི་གྲོས་ཆོད་ལྔ་དང་བསྒྲགས་གཏམ་གཅིག་བཅས་སྤྱི་མོས་གཏན་འབེབས་ཀྱིས་ཁ་སང་ཚོགས་ཆེན་མཇུག་བསྒྲིལ་ཟིན་པ་དང་སྦྲགས་ཏེ་སྐབས་ ༧ པའི་དབུས་རྒྱུན་གསར་འདེམས་གནང་འདུག

དེ་ཡང་ཟླ་བ་འདིའི་ཕྱི་ཚེས་ ༡༡ ནས་ ༡༣ བར་ཉིན་གྲངས་གསུམ་རིང་བཞུགས་སྒར་མེག་གྷན་དུ་ཡོད་པའི་ཤིང་མཁར་མགྲོན་ཁང་ Wood Castle དུ་འཚོགས་པའི་ཚོགས་ཆེན་ཐོག་ཚོགས་བཅར་བ་རྣམས་ཀྱིས་ས་གནས་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ལས་བསྡོམས་སྙན་སྒྲོན་དང་དབུས་ཀྱི་རྩིས་ཁྲ་དང་ལས་བསྡོམས་ཐོག་ས་གནས་ཁག་ནས་དྲི་བ་དྲི་ལན་གནང་བ་མ་ཟད། ལྷག་པར་འདི་ལོ་༸སྐུའི་གོ་སྟོན་དང་བསྟུན་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གིས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་བྱམས་བརྩེའི་ལོ་སྲུང་བརྩི་ཆེད་ལས་འགུལ་སྤེལ་རྒྱུ་ཇི་དགེའི་སྐོར་དང་འབྲེལ་གྲོས་ཆོད་ལྔ་དང་བསྒྲགས་གཏམ་གཅིག་བཅས་སྤྱི་མོས་གཏན་འབེབས་གནང་བ་དང་དེ་བཞིན་ཚོགས་ཆེན་གྱི་ཉིན་མཐའ་མར་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་སྐབས་ ༧ པའི་དབུས་རྒྱུན་གསར་པའི་སྔོན་འགྲོ་དང་དངོས་གཞིའི་འོས་འདེམས་གནང་བའི་བརྒྱུད། གསར་འདེམས་བྱུང་བའི་དབུས་རྒྱུན་ནང་ཁུལ་གསང་བའི་འོས་ཤོག་འཕངས་ཏེ་དགེ་བཤེས་བློ་བཟང་ཆོས་འཕེལ་ལགས་སྐབས་བདུན་པའི་ཚོགས་གཙོ་དང་བསྟན་འཛིན་བཤེས་གཉེན་ལགས་ཚོགས་གཞོན། དེ་བཞིན་ཀུན་དགའ་ནོར་བུ་ལགས་དྲུང་ཆེར་བདམས་ཐོན་བྱུང་འདུག

ཐེངས་འདིའི་ཚོགས་ཆེན་ཐོག་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་འདི་ལོ་ཕྱི་ལུགས་ལྟར་དགུང་གྲངས་ ༩༠ ཕེབས་པའི་༸སྐུའི་གོ་སྟོན་དང་བསྟུན་བོད་མིའི་སྒྲིག་འཛུགས་ནས་བྱམས་བརྩེའི་ལོ་སྲུང་བརྩི་གནང་གཏན་ཁེལ་བ་བཞིན་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གིས་ངོས་ནས་དགའ་དད་སྤྲོ་གསུམ་ངང་བྱམས་བརྩེའི་ལོ་སྲུང་བརྩི་ཞུ་ཆེད། ཕྱི་རྒྱལ་ཡུལ་གྲུ་ཁག་དང་རྒྱ་བལ་འབྲུག་གསུམ་ནས་མཁས་པ་གདན་ཞུས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་དེ་ཕྱི་ནང་རྒྱ་རིགས་མང་ཚོགས་ལ་གོ་རྟོགས་སྤེལ་ཐབས་ཐོག་ཉིན་བཞིའི་བགྲོ་གླེང་གནང་རྒྱུ་དང་། ས་གནས་སོ་སོའི་གཞོན་སྐྱེས་རྣམས་ལ་དབུ་མའི་ལམ་གྱི་སྲིད་བྱུས་ཐེངས་གཉིས་གོ་རྟོགས་སྤེལ་རྒྱུ། དེ་བཞིན་ལོ་འདིའི་ནང་དྲྭ་ལམ་ཐོག་ནས་༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་དང་བོད་དང་བོད་མིའི་མགྲིན་ཚབ་ཅེས་པའི་ཕྱག་དེབ་ཐོག་བགྲོ་གླེང་གི་ཚོགས་འདུ་འཚོག་རྒྱུ་མ་ཟད། བོད་དང་བོད་མིའི་མགྲིན་ཚབ་ཅེས་པའི་ཕྱག་དེབ་དེ་སོ་སོའི་ས་ཁོངས་སུ་ཡོད་པའི་རྒྱ་གར་གྱི་མཐོ་སློབ་ཁག་ལ་དྲིལ་བསྒྲགས་གནང་རྒྱུ་སོགས་གྲོས་ཆོད་ལྔ་གཏན་འབེབས་གནང་འདུག
མ་ཟད་སྐབས་དྲུག་པའི་ཚོགས་ཆེན་དེིའི་ཐོག་ནས་སྤྱི་མོས་བསྒྲགས་གཏམ་ཞིག་ཀྱང་གཏན་འབེབས་གནང་ཡོད་པའི་ནང་གསལ་ལྟར་ན། ཚོགས་བཅར་བ་ཡོངས་ཀྱིས་༸གོང་ས་མཆོག་དགུང་གྲངས་ ༩༠ བདག་གིར་བཞེས་པར་འཚམས་འདྲི་དང་༸མགོན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པའི་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་དང་། ཉེ་ཆར་བོད་མིའི་ཆོས་ཚོགས་ཐེངས་ ༡༥ ཐོག་༸གོང་ས་མཆོག་གིས་༸རྒྱལ་བའི་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་བཀའ་བཞེས་ཟབ་མོ་བསྩལ་བར་ཐུགས་རྗེ་བཀའ་དྲིན་བླ་མེད་དུ་ཆེ་ཆེ་ཞུ་རྒྱུ་དང་༸སྐུའི་ཡང་སྲིད་ངོས་འཛིན་གྱི་བྱེད་སྒོར་ཐེ་བྱུས་བྱེད་མཁན་ཡོད་ཚད་ལ་ངོས་ལེན་རྩ་བ་ནས་མེད་པ་མ་ཟད་ངོ་རྒོལ་མཐའ་གཅིག་ཏུ་ཞུ་རྒྱུ། དེ་བཞིན་༸གོང་ས་མཆོག་གི་བཀའ་དགོངས་ལམ་སྟོན་འོག་ཤར་བསྐྱོད་དང་ཆོལ་གསུམ་རྡོག་རྩ་ཆིག་སྒྲིལ་གྱིས་སྐྱིད་སྡུག་མཉམ་མྱོང་ཞུ་རྒྱུ་སོགས་བཀོད་འདུག

ཁ་ཉིན་ནས་དབུ་འཛུགས་གནང་བའི་ཚོགས་ཆེན་དེའི་ཐོག་གཞན་ཡང་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་རྒྱུན་ལས་ནས་གཏམ་བཤད་པ་ཁག་གཅིག་གདན་ཞུས་ཀྱིས་དབུ་མའི་ལམ་དང་བོད་མིའི་ལས་དབང་། དབུ་མའི་ལམ་དང་ཁྲིམས་ཀྱི་གནད་དོན་ཅེས་པའི་བརྗོད་གཞི་ཐོག་གསུང་བཤད་དང་དྲི་བ་དྲི་ལན་བཅས་གནང་ཡོད་པ་མ་ཟད། ཁ་སང་ཚོགས་ཆེན་མཇུག་སྒྲིལ་སྐབས་སྐུ་མགྲོན་གཙོ་བོ་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་དབུ་བཞུགས་ཀྱིས་གསུང་བཤད་དང་སྐབས་ ༦ པའི་དབུས་རྒྱུན་རྣམས་ལ་མཇར་དར་དང་ཕྱག་འཁྱེར་གནང་ཡོད།
རྩ་བའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་དེ་བཞིན་ཕྱི་ལོ་ ༢༠༠༨ ལོར་དངོས་སུ་གསར་འཛུགས་གནང་བ་ནས་བཟུང་འདས་པའི་ལོ་ངོ་ ༡༧ རིང་རྒྱ་གར་དང་བལ་ཡུལ། ཕྱི་རྒྱལ་སོགས་སུ་ས་གནས་ཡན་ལག་ ༣༠ ལྷག་བཙུགས་ཟིན་འདུག་པ་དང་ད་ལན་གྱི་ཚོགས་ཆེན་དེར་ས་གནས་ཡན་ལག་ ༢༧ གྱི་སྐུ་ཚབ་ལྷན་འཛོམས་བྱུང་འདུག



