བཞུགས་སྒར་དུ་ཉིན་གྲངས་གཉིས་རིང་གི་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་གྱི་ཚོགས་ཆེན་མཇུག་སྒྲིལ་གྱི་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཅིག་ལྕོགས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ད་རེས་ཚོགས་འདུའི་ཐོག་དགོངས་འཆར་ཕེབས་པ་བཞིན། འཛིན་སྐྱོང་བཀའ་ཤག་གི་ངོས་ནས་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བའི་ཁོངས་སུ་གྲྭ་བཙུན་རྣམས་འཛུལ་བཞུགས་བྱ་ཐུབ་རྒྱུའི་ཐབས་ལམ་འཚོལ་བཞིན་པ་གསུངས་སོང་།
དེ་ཡང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་༸གོང་ས་ཏཱ་ལའི་བླ་མའི་དཔེ་མཛོད་དང་ཡིག་ཚགས་ཁང་དུ། ༸གོང་ས་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པ་དང་། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་གཉིས་ཀྱི་མཉམ་རུབ་གོ་སྒྲིག་འོག ཟླ་བ་འདིའི་ཚེས་ ༢༠ དང་ ༢༡ བཅས་ཉིན་གྲངས་ ༢ རིང་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ནུས་སྟོབས་གོང་འཕེལ་གཏོང་བའི་ཐད་ཚོགས་ཆེན་ཆེས་ཐོག་མ་དེ་འཚོགས་ཡོད་པ་དང་། ཁ་སང་ཚོགས་འདུ་མཇུག་སྒྲིལ་གྱི་མཛད་སྒོའི་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཐེངས་འདིའི་བགྲོ་གླེང་ལས་རིམ་ཁྲོད། བཙུན་མ་རྣམས་ལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཞུ་བའི་ཁོངས་སུ་ཕྱག་ལས་གནང་ཐུབ་རྒྱུའི་ལམ་ཁ་བཟོ་དགོས་སྐོར་གྱི་གླེང་སློང་བྱུང་བ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་འདས་པའི་ལོ་ཤས་ནས་དེའི་ཐོག་འདེམས་བསྐོ་ལྷན་ཁང་དང་ལྷན་དུ་བཀའ་མོལ་གནང་བཞིན་པ་དང་། གཙོ་བོ་དཀའ་ངལ་འཕྲད་ས་དེ་དགོན་སྡེ་ཁག་གི་ནང་དུ་བསླབ་གཞི་མི་འདྲ་བ་ཡོད་པ་དེ་ཡིན་པ་གསུངས་སོང་།
སྲིད་སྐྱོང་མཆོག་གིས་ད་དུང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རླབས་ཆེན་གྱི་དགོངས་པའི་ཐོག་ནས་ཧི་མ་ལ་ཡའི་མི་རིགས་ཀྱི་བྱིས་པ་རྣམས་བོད་པའི་སློབ་གྲྭ་དང་དགོན་སྡེ་ཁག་གི་ནང་དུ་འཛུལ་བཞུགས་བྱེད་ཡག་གི་གོ་སྐབས་བསྐྲུན་པའི་འོག་ནས། བོད་ཀྱི་སྐད་ཡིག་བཀོལ་སྤྱོད་བྱེད་མཁན་ཇེ་མང་དུ་གྱུར་ཡོད་པ། མ་ཟད་དེ་སྔ་བཀའ་ཤག་སྐབས་ ༡༦ པའི་ལས་ཡུན་འགོ་འཛུགས་སྐབས་སུ་དགོན་སྡེ་ཁག་གི་ནང་དུ་གྲྭ་བཙུན་ ༤༢༠༠༠ ཙམ་ཞིག་དང་དེའི་ཁོངས་སུ་བོད་རིགས་རྒྱ་ཆ་ ༣༥ དང་ཧི་མ་ལ་ཡའི་མི་རིགས་བརྒྱ་ཆ་ ༦༤ ཡོད་སར། ད་ལྟའི་ཆར་དགོན་སྡེ་ཁག་གི་ནང་དུ་གྲྭ་བཙན་ ༣༨༨༠༠ ཙམ་ཡོད་པའི་ཁོངས་ནས་བརྒྱ་ཆ་ ༧༠ ཙམ་ཧི་མ་ལ་ཡའི་མི་རིགས་ཆགས་བསྡད་ཡོད་པ་དང་འབྲེལ་ནས། ད་ཆ་ཧི་མ་ལ་ཡའི་མི་རིགས་ཀྱི་བཙན་བྱོལ་ནང་གི་ཆོས་སྡེ་ཆེན་པོ་དེ་དག་གི་འགན་འཁྱེར་ཡག་གི་དུས་ཤིག་ཤར་ཡོད་པ་གསུངས་སོང་།

དེའི་ཁྲོད་དེང་སྐབས་དགོན་སྡེ་ཁག་མང་ཆེ་བའི་ནང་དུ་བོད་རིགས་གྲྭ་བཙུན་ཡོད་པ་རྣམས་ལོ་ན་འགྲེས་པ་ཤ་སྟག་ཆགས་བསྡད་པ་དང་། གྲྭ་བཙུན་ལོ་ན་ཆུང་བ་མང་ཆེ་བ་ཧི་མ་ལ་ཡའི་མི་རིགས་རང་ཆགས་བསྡད་ཡོད་སྟབས། ལོ་ན་ཆུང་བའི་རབ་བྱུང་དེ་དག་ཆ་ཚང་ཆོས་ཕྱོགས་ཀྱི་སློབ་སྦྱོང་མཐར་ཕྱིན་པ་ཡོང་བ་བཤད་ཁག་པོ་ཡིན་སྟབས། གྲྭ་བཙུན་ལོ་ན་ཆུང་བ་དེ་དག་ལ་དེང་དུས་ཀྱི་སློབ་གྲྭའི་ནང་འཛུལ་བཞུགས་གནང་ཐུབ་རྒྱུའི་གནས་བབ་བསྐྲུན་རྒྱུའི་སླད་རྒྱ་གར་གྱི་ Open University ཞིག་དང་ལྷན་དུ་བཀའ་མོལ་གནང་མུས་ཡིན་པ་གསུངས་སོང་།
རྩ་བའི་ཐེངས་འདིའི་ཉིན་གྲངས་གཉིས་རིང་གི་ཚོགས་ཆེན་ཐོག དགེ་བཤེས་མའི་ཕྱག་འཁྱེར་འབུལ་སྲོལ་གྱི་བྱུང་རིམ་གླེང་བ་ཞེས་དང་། ཤེས་ཡོན་གྱི་གནས་ཚད་དང་བསླབ་གཞིའི་རྩ་འཛིན་ཡར་རྒྱས་གཏོང་ཐབས། སྒྲིག་འཛུགས་ཀྱི་རྒྱབ་སྐྱོར་དང་ངོས་འཛིན། སྤྱི་ཚོགས་དང་དགོན་སྡེའི་ནང་དུ་དགེ་བཤེས་མའི་འགོ་ཁྲིད། མ་འོངས་པའི་འཆར་སྣང་། རྒྱལ་སྤྱིའི་ནང་ངོས་འཛིན་དང་མཉམ་ལས་སོགས་ཀྱི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་ཡོད་པ་དང་། ཚོགས་ཆེན་དེར་བོད་ཀྱི་བུད་མེད་ལྷན་ཚོགས་དང་། བཙུན་མའི་ལས་འཆར་ཚོགས་པ་གཉིས་ཀྱིས་རྒྱབ་སྐྱོར་མཐུན་འགྱུར་གནང་ཡོད་པ་རེད་འདུག




