ཕྱི་ལོ་ ༢༠༢༦ ཟླ་བ་ ༠༥ ཚེས་ ༡༩ ཉིན་བོད་དོན་ཐོག་ཡུན་རིང་རྒྱབ་སྐྱོར་གནང་མཁན་ཨ་རིའི་གྲོས་ཚོགས་འཐུས་མི་ཟུར་པ་ Barney Frank བཱར་ནཱི་ཕརེངྐ་ལགས་དགུང་ལོ་ ༨༦ ཐོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་ཕྱི་ཚེས་ ༢༢ ཉིན་སྲིད་སྐྱོང་སྤེན་པ་ཚ་རིང་མཆོག་གིས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་དམ་པ་ཁོང་གི་སྐུ་ཟླ་ Jim Ready ཇིམ་རེཌི་ལགས་སུ་ཐུགས་གསོ་གནང་འདུག

དེ་ཡང་དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཐོག་གནས་ཚུལ་སྤེལ་བ་ལྟར། ཐུགས་གསོའི་གསུང་འཕྲིན་དེའི་ནང་སྲིད་སྐྱོང་མཆོག་གིས། དམ་པ་ཁོང་གིས་བོད་ཀྱི་རྩ་དོན་ལ་ཡུན་རིང་རྒྱབ་སྐྱོར་གནང་བའི་དྲན་གསོ་ཐུགས་ཕམ་དང་འབྲེལ། བཙན་བྱོལ་བོད་མི་རྣམས་ཨ་རིར་
གཞིས་སྤོས་ལས་གཞི་ཆེད་ཐུགས་འགན་གཙོ་བོ་བཞེས་མཁན་ཞིག་ཡིན་ཞིང་། ཕྱི་ལོ་ ༡༩༩༠ ལོར་ཨ་རིའི་གཞིས་སྤོའི་ཁྲིམས་ཡིག་ཀྱི་ཆ་རྐྱེན་འོག་ནས་བོད་མི་ ༡༠༠༠ ཡུལ་དེ་གའི་ནང་དུ་རང་ཉིད་ཀྱི་འཚོ་བ་གསར་པ་བསྐྲུན་ཆེད་ཕན་ཐོགས་བསྒྲུབས་ཡོད་པ་གསུངས་འདུག
ལྷག་པར་དམ་པ་ཁོང་གི་ཕུག་རྒྱང་རིང་པོའི་དགོངས་པ་ལས་བོད་པའི་ཁྱིམ་ཚང་མང་དག་ཅིག་ལ་རང་ཉིད་ཀྱི་བུ་ཕྲུག་ལ་སྤུས་ཚད་ལྡན་པའི་ཤེས་ཡོན་ཀྱི་མཐུན་རྐྱེན་འབྱོར་སྤྲོད་དང་། མཚན་སྙན་ཅན་གྱི་གཙུག་ལག་སློབ་ཁང་དུ་བསྐྱོད་རྒྱུའི་གོ་སྐབས་བྱུང་ཡོད་པ་མ་ཟད། རང་འགོ་རང་ཐོན་ཐུབ་པ་བྱུང་ཡོད་པ་གསུངས་འདུག
མ་ཟད་དམ་པ་ཁོང་གི་བོད་མིར་བཅངས་པའི་མཛའ་འབྲེལ་དང་འགྱུར་བ་མེད་པའི་རྒྱབ་སྐྱོར། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་སླད་དུ་ཆོད་སེམས་བརྟན་པོ་གནང་བར་དུས་རྟག་ཏུ་བཀའ་དྲིན་རྗེས་དྲན་དང་གུས་བཀུར་ཞུ་ངེས་ཡིན་ཞིང་། ཁོང་མྱུར་དུ་མི་ལུས་བཟང་པོ་ཞིག་ཐོབ་པའི་སྨོན་འདུན་ཞུས་འདུག




