སྲིད་འཛིན་ Donald Trump མཆོག་གིས་ཨ་རི་གཞུང་གི་འགྲོ་གྲོན་ཉུང་འཕྲི་བྱ་རྒྱུའི་སྲིད་བྱུས་ལག་བསྟར་ཁྲོད་ཉེ་ཆར་རེས་གཟའ་པ་སངས་ཉིན་འཛིན་སྐྱོང་བཀའ་རྒྱ་ཞིག་གསལ་བསྒྲགས་བྱས་པའི་ནང་། United States Agency for Global Media འམ་ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་ཞེས་ཨ་རི་རླུང་འཕྲིན་ཁང་དང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། དེ་བཞིན་ཡུ་རོབ་རང་དབང་རླུང་འཕྲིན་ཁང་སོགས་གསར་ཁང་ ༦ ཙམ་ལྟ་རྟོག་བྱེད་པོའི་སྒྲིག་འཛུགས་ལ་རོག་དངུལ་མཚམས་འཇོག་བྱ་རྒྱུ་ཡིན་པ་བརྗོད་འདུག དེ་འབྲེལ་ཁ་ཉིན་རེས་གཟའ་སྤེན་པའི་ཉིན་ཨ་རི་རླུང་འཕྲིན་ཁང་གིས་ལས་དོན་རེ་ཞིག་མཚམས་འཇོག་གིས་དེ་གའི་ལས་བྱེད་པ་ ༡༣༠༠ ཙམ་ད་ལྟའི་ཆར་འཛིན་སྐྱོང་གི་དགོངས་ཞུ་ཐོག་བཞག་འདུག་པ་དང་། ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ནས་ཀྱང་དེ་མཚུངས་གནང་སྲིད་ཀྱང་ད་ལྟའི་ཆར་ལས་ཁུངས་ཀྱི་ལས་དོན་ཁག་མུ་མཐུད་གཉེར་བཞིན་པ་ལྟ་བུ་མངོན་རྒྱུ་འདུག

འཛམ་གླིང་ཁྲོད་སྐད་རིགས་མི་འདྲ་བ་ ༥༠ ཙམ་གྱི་ནང་དུ་གནས་ཚུལ་སྤེལ་མཁན་ཨ་རི་རླུང་འཕྲིན་ཁང་གི་སྤྱི་ཁྱབ་ངེས་སྟོན་པ་ Michael Abramowitz ལགས་ཀྱིས་ཁ་སང་སྒེར་གྱི་སྤྱི་ཚོགས་དྲྭ་ལམ་ཐོག་འཕྲིན་ཐུང་ཞིག་སྤེལ་བའི་བརྒྱུད། ཨ་རི་རླུང་འཕྲིན་ཁང་དེ་བཞིན་འཛམ་གླིང་ཁྲོད་རང་དབང་དང་དམངས་གཙོའི་འཐབ་རྩོད་ཀྱི་ནང་དུ་ཆ་ཤས་གལ་ཆེ་བླངས་མཁན་གྱི་སྒྲིག་འཛུགས་ཞིག་ཡིན་སྐོར་དང་འབྲེལ། ད་རེས་ཨ་རི་གཞུང་གི་ཐག་གཅོད་དེས་ལོ་ངོ་ ༨༣ གྱི་ནང་དུ་ཐེངས་དང་པོ་ཨ་རི་རླུང་འཕྲིན་ཁང་གི་ཁ་བཀག་པར་ཆེས་བློ་ཕམ་ཡོད་པ་གསུངས་འདུག
ཕྱོགས་མཚུངས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་ཚོགས་གཙོ་དང་གཙོ་འཛིན་སྐུ་ཞབས་ Bay Fang ལགས་ཀྱིས། ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་དེ་བཞིན་ཨ་རིའི་ཁྲིམས་བཟོ་བ་རྣམས་ལ་རྒྱ་ནག་གཙོས་པའི་སྒོ་རྒྱ་དམ་པའི་རྒྱལ་ཁབ་ཁག་གི་གཞུང་འཛིན་པ་རྣམས་ལ་འགན་ཁུར་བླངས་བཅུག་རྒྱུ་དང་རྒྱལ་ཁབ་དེ་དག་ནང་དུ་དངོས་ཡོད་གནས་ཚུལ་ག་རེ་བྱུང་བཞིན་པའི་གནས་ཚུལ་ཕྱི་གྱར་བྱ་རྒྱུར་མེད་དུ་མི་རུང་བའི་སྒྲིག་འཛུགས་ཞིག་ཡིན་པ་དང་། ལྷག་པར་དུ་རླུང་འཕྲིན་ཁང་དེས་དེ་སྔ་ཤིན་ཅང་ནང་གི་གནས་ཚུལ་བརྒྱུད་སྤེལ་བྱས་པའི་རྐྱེན་གྱིས་ Trump སྐབས་དང་པོའི་སྲིད་གཞུང་གིས་སྐབས་དེར་ཤིན་ཅང་ནང་གི་གནས་སྟངས་དེ་མི་རིགས་རྩ་གཏོར་གྱི་གནད་དོན་ཡིན་པའི་གསལ་བསྒྲགས་ཀྱང་གནང་ཐུབ་པ་བྱུང་ཡོད་པ་ལུང་འདྲེན་དང་སྦྲགས། ད་རེས་ཀྱི་བཀའ་ཁྱབ་དེས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་བརྒྱུད་ནས་དངོས་ཡོད་གནས་ཚུལ་རྒྱུན་ལོན་དང་བློ་གཏད་བཅོལ་མཁན་གྱི་མི་མང་ས་ཡ་ ༦༠ ཙམ་གྱི་རང་དབང་ལ་དོ་ཕོག་བཏང་བ་མ་ཟད། ཨ་རིའི་མི་སེར་ལ་དཀའ་ངལ་སྤྲད་པའི་ཐོག་ནས་ཨ་རི་དང་ལྟ་སྤྱོད་མི་མཐུན་པའི་དགྲ་བོ་རྣམས་ལ་ཕན་ཐོགས་ཆེན་པོ་བཟོས་ཡོད་སྐོར་གསུངས་ཏེ། ད་རེས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་རོགས་དངུལ་མཚམས་འཇོག་བྱས་པ་དེ་ནི་རྒྱ་ནག་གཙོ་བོར་འགྱུར་བའི་དབང་ཆ་གཅིག་འདུས་རིང་ལུགས་ཀྱི་གཞུང་འཛིན་པ་རྣམས་ལ་རྒྱལ་སྤྱིའི་གནས་ཚུལ་ར་བའི་ནང་དུ་ཁོང་ཚོའི་ཤུགས་རྐྱེན་ལ་གདོང་ལེན་བྱེད་མཁན་མེད་པ་ཆགས་པ་དང་འབྲེལ་ནས་ཁོང་རྣམས་ལ་བྱ་དགའ་ལྟ་བུ་ཞིག་ཆགས་ཡོད་པ་དང་། རླུང་འཕྲིན་ཁང་གི་ངོས་ནས་ཕུག་རྒྱང་རིང་པོའི་ཐོང་རྒྱ་མེད་པའི་བཀའ་ཁྱབ་དེར་གདོང་ལེན་ནན་པོ་གནང་སྟེ་ལས་དོན་མུ་མཐུད་གཉེར་རྒྱུ་ཡིན་པ་དང་། དེ་གའི་སྙིང་སྟོབས་ཅན་གྱི་གསར་འགོད་པ་རྣམས་སྲུང་སྐྱོབ་གནང་རྒྱུ་ཡིན་པ་གསུངས་འདུག

ཁ་སང་ Politico གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་དུ། Radio Free Europe དང་ Radio Liberty ཡི་གཙོ་འཛིན་དང་ཚོགས་གཙོ་ Stephen Capus ལགས་ཀྱིས་ཀྱང་ད་རེས་ཀྱི་ཐག་གཅོད་དེ་ནི་ཨ་མི་རི་ཀའི་དགྲ་བོ་རྣམས་ལ་བྱ་དགའ་ཆེན་པོ་ཞིག་ཆགས་ཡོད་སྐོར་དང་འབྲེལ། Iran གྱི་མཁྲེགས་འཛིན་འགོ་ཁྲིད་དང་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད། དེ་བཞིན་ཨུ་རུ་སུའི་དབང་ཆ་སྒེར་གཅོད་པ་རྣམས་ཀྱིས་རླུང་འཕྲིན་ལས་ཁུངས་དེ་དག་ལོ་ངོ་ ༧༥ རྗེས་སུ་མཐར་སྒོ་བརྒྱབ་པར་དགའ་ཚོར་ཆེན་པོ་བྱེད་ངེས་ཡིན་པ་མ་ཟད། ང་ཚོའི་དགྲ་བོ་རྣམས་ལ་རྒྱལ་ཁ་ཐོབ་པ་དེས་ཁོང་ཚོའི་སྟོབས་ཤུགས་ཆེ་རུ་ཕྱིན་པ་དང་ཨ་རིའི་སྟོབས་ཤུགས་ཉམས་ངེས་ཡིན་པ་གསུངས་འདུག
ཡུ་རོབ་ལྷན་ཚོགས་ཀྱི་ངོས་ནས་ད་རེས་ཨ་རི་གཞུང་གིས་སྔོན་རྩིས་རོགས་དངུལ་མཚམས་འཇོག་བྱས་པའི་གསར་ཁང་དེ་དག་འཛམ་གླིང་ཁྲོད་ཀྱི་མི་མང་ས་ཡ་མང་པོར་དྲང་བདེན་དང་དམངས་གཙོ། དེ་བཞིན་རེ་བའི་སྒྲོན་མེ་ལྟ་བུ་ཞིག་ཆགས་ཡོད་སྐོར་དང་འབྲེལ། འཁྱོག་བཤད་དྲིལ་བསྒྲགས་དང་གནས་ཚུལ་རྫུན་བཟོ་བྱས་པའི་དུས་སྐབས་སུ་དམངས་གཙོ་དར་འཕེལ་སླད་དྲང་བདེན་གྱི་བརྒྱུད་ལམ་དང་གསར་འགོད་རང་དབང་ཧ་ཅང་གི་གལ་ཆེན་པོ་ཆགས་ཀྱི་ཡོད་སྟབས། ད་རེས་ཀྱི་བྱ་སྤྱོད་དེས་ང་ཚོའི་ཐུན་མོང་གི་དགྲ་བོ་ཚོར་ཕན་ཐོགས་ཡོང་ཉེན་ཡོད་ཅེས་གསུངས་འདུག

དེ་བཞིན་ཁ་ཉིན་ Reporters Without Borders འམ་མཐའ་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་ཀྱི་ངོས་ནས་གསར་འགོད་བསྒྲགས་གཏམ་ཞིག་འདོན་སྤེལ་གནང་བའི་བརྒྱུད། ཨ་རི་གཞུང་གི་ཐག་གཅོད་དེས་རོགས་དངུལ་བཅད་པའི་གསར་ཁང་དེ་དག་གི་ཕྱིའི་རྒྱལ་ཁབ་ཁག་གི་ནང་དུ་ལས་དོན་གཉེར་བཞིན་པའི་གསར་འགོད་རྣམས་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་རྒྱུ་ཡིན་པ་ཐེར་སྟོན་གནང་སྟེ། ཨ་རི་གཞུང་གིས་ཐག་གཅོད་དེ་ནི་ཨ་རི་དེ་བཞིན་གནས་ཚུལ་རང་དབང་སྲུང་སྐྱོབ་གནང་མཁན་གྱི་ལོ་རྒྱུས་རང་བཞིན་གྱི་གནས་བབས་ནས་ཁ་བྲལ་བའི་སྐྱོན་བརྗོད་དང་སྦྲགས། ཨ་རི་གཞུང་ནས་གསར་ཁང་དེ་དག་བསྐྱར་གསོ་གནང་དགོས་པ་དང་ཨ་རིའི་གྲོས་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཐག་གཅོད་དེར་གདོང་ལེན་ནན་པོ་གནང་དགོས་པའི་སྐུལ་མ་གནང་འདུག
རྩ་བའི་སྔ་ལོའི་འོས་བསྡུའི་དྲིལ་བསྒྲགས་སྐབས་སྲིད་འཛིན་ Trump གྱི་གལ་ཏེ་ཁོང་གི་གཞུང་འཛིན་བསྐྱར་དུ་སླེབས་པ་ཡིན་ན། ཨ་རི་དེ་བཞིན་སྔར་བཞིན་ཡར་རྒྱས་གོང་འཕེལ་གྱི་ལམ་དུ་འཁྲིད་རྒྱུའི་སླད་ཨ་རི་གཞུང་གིས་དགོས་མེད་འགྲོ་གྲོན་ཕོན་ཆེ་ཉུང་འཕྲི་བྱ་རྒྱུ་ཡིན་པ་དང་། ཨ་རིའི་ནང་དུ་ཁྲིམས་འགལ་ཐོག་གནས་སྡོད་བྱེད་མཁན་ཕྱི་མི་རྣམས་ཕྱིར་འབུད་གཏོང་རྒྱུ་ཡིན་སྐོར་སོགས་གསུངས་པ་དང་འབྲེལ། ཁོང་ལ་རྒྱལ་ཁ་ཐོབ་པའི་རྗེས་སུ་སྲིད་འཛིན་གྱི་ལས་ཡུན་གཉིས་པ་འགོ་བཙུགས་མ་ཐག་ Trump གཞུང་འཛིན་གྱིས་ཨ་རིའི་ནང་དུ་གནས་སྡོད་བྱེད་མཁན་ Mexico དང་རྒྱ་གར་བ་སོགས་རྒྱལ་ཁབ་འདྲ་མིན་གྱི་མི་མང་སྟོང་ཕྲག་མང་པོ་ཕྱིར་འབུད་གཏོང་འགོ་བཙུགས་པ་མ་ཟད། ཨ་རི་དེ་བཞིན་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཚོགས་མི་ནས་ཕྱིར་འཐེན་དང་། གཞུང་གི་འགྲོ་གྲོན་ཉུང་འཕྲི་གཏོང་རྒྱུའི་སྲིད་བྱུས་འོག ཨ་རི་གཞུང་གིས་རྒྱལ་ཁབ་གཞན་ལ་དངུལ་དང་བཅའ་དངོས་ཀྱི་རོགས་སྐྱོར་ཕོན་ཆེ་གནང་བཞིན་པ་རྣམས་རེ་ཞིག་མཚམས་འཇོག་ཁྲོད། USAID ཞེས་པའི་རོགས་དངུལ་བགོ་འགྲེམ་བྱེད་མཁན་གྱི་ལས་ཁུངས་གཙོ་གྲས་ཡང་སྒོ་བརྒྱབ་པ་སོགས་ཀྱི་གནད་དོན་ཁྲོད། བོད་ཕྱི་ནང་གཉིས་ཀྱི་བོད་མི་རྣམས་ལ་གནང་བཞིན་པའི་རོགས་དངུལ་ཕོན་ཆེ་ཞིག་ཀྱང་ཆད་ཡོད་པ་དང་འབྲེལ། དེ་རིང་ནས་འཚོག་བཞིན་པའི་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༩ པའི་ཐོག་ལ་ཡང་དེའི་སྐོར་གྲོས་སྡུར་ལྷུག་པོ་བྱུང་ངེས་ཡིན་པ་རེད། དེ་བཞིན་ཨ་རི་གཞུང་གི་ལས་ཁུངས་གཞན་མང་པོ་ཞིག་ནས་ལས་བྱེད་པ་གནས་དབྱུང་བཏང་བའི་ཁྲོད། ཉེ་ཆར་རེས་གཟའ་པ་སངས་ཉིན་ཨ་རི་རླུང་འཕྲིན་ཁང་དང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་ལྟ་རྟོག་གནང་མཁན་གྱི་ USAGM ཞེས་ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་ལ་རོགས་དངུལ་མཚམས་འཇོག་བྱ་རྒྱུའི་ཐག་གཅོད་ལག་བསྟར་བྱས་ཡོད་པ་རེད།

རྩ་བའི་ཉེ་ཆར་ཨ་རི་གཞུང་གིས་རོགས་དངུལ་མཚམས་འཇོག་གིས་བཀའ་ཁྱབ་གནང་བའི་ཁོངས་སུ་ NED ཞེས་ཨ་རིའི་རྒྱལ་ཡོངས་མང་གཙོ་གོང་འཕེལ་ལྟེ་གནས་ཁང་གི་རོགས་དངུལ་བཀག་སྡོམ་གྱི་བཀོད་ཁྱབ་བཏང་ཡོད་པ་དེ་ལྟར་ཡང་། སྒྲིག་འཛུགས་དེའི་ངོས་ནས་ཁྲིམས་ཁང་ལ་གཏུགས་བཤེར་བྱས་པར་རྒྱལ་ཁ་ཐོབ་པ་དང་འབྲེལ་ནས་ཨ་རི་ཕྱི་སྲིད་ལས་ཁུངས་ནས་རོགས་དངུལ་མུ་མཐུད་སྤྲད་པའི་གནད་དོན་བྱུང་བ་ལྟར། ད་རེས་ཨ་རི་རླུང་འཕྲིན་ཁང་དང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་སོགས་ཀྱི་ཀྱང་ཡུལ་དེའི་གྲོས་ཚོགས་དང་ཁྲིམས་ཁང་བཅས་བརྒྱུད་ལམ་གཉིས་ཀྱི་ཐོག་ནས་ཐག་གཅོད་དེར་གདོང་ལེན་གནང་སའི་ལམ་ཁ་ཞིག་ཡོད་བསྡད་པ་ཡང་གསུངས་མཁན་འདུག
དེའི་སྐོར་ཁ་སང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་འགན་འཛིན་བུ་ཆུང་ཚེ་རིང་ལགས་སུ་བཀའ་འདྲི་ཞུས་སྐབས་ཁོང་གིས། ད་ལྟའི་ཆར་གནས་སྟངས་ཇི་ཆགས་གསལ་པོ་གསུང་ཁག་པོ་ཡོད་ཀྱང་། རླུང་འཕྲིན་ཁང་དེ་དག་གི་བོད་མི་དང་དཀའ་ངལ་འཕྲད་པའི་མང་ཚོགས་ཙམ་མ་ཟད། ཨ་རི་ལ་ཡང་ཐུགས་ཕན་གསོ་པོ་ཡོད་པ་དེ་གསལ་པོ་ཡིན་པ་གསུངས་སོང་། དེ་བཞིན་ད་ལྟའི་ཆར་ཨ་རིའི་རོགས་དངུལ་ཆད་པའི་གནས་སྟངས་སྤྱི་ཡོངས་ཀྱི་ཐོག་ལ་རེ་བ་རྒྱག་ས་ཡོད་མེད་སྐོར་བཀའ་འདྲི་ཞུས་སྐབས་ཁོང་གིས་རེ་བ་རྒྱག་ས་ཏན་ཏན་ཡོད་པ་གསུངས་སོང་།




