Tibetan Royal Year of 2151 | Year of the Wood Dragon

ཨ་རིའི་གྲོས་ཚོགས་སུ་ཐེ་ཝན་ལ་རྒྱབ་སྐྱོར་གྱི་ཁྲིམས་འཆར་ཞིག་འདོན་སྤེལ་གནང་འདུག

Tibetan News Headlines

  • Gongma Rinpoche at 80: An in-depth interview with Sakya Gongma Trichen Rinpoche uncovering his life journey and biography

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • དམིགས་བསལ་ལས་རིམ། ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་༧སྐུ་ཚེའི་མཛད་རྣམ་སྙིང་བསྡུས།

རྒྱ་གཞུང་གིས་ཐེ་ཝན་འདི་ཉིད་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཕྱིར་འབུད་གཏོང་ཆེད་སྲིད་བྱུས་སྣ་མང་སྤེལ་བཞིན་ཡོད་པའི་གནད་དོན་ལ་སེམས་འཚབ་ཀྱིས་ཨ་རིའི་གྲོས་ཚོགས་སུ་ཐེ་ཝན་ལ་རྒྱབ་སྐྱོར་གྱི་ཁྲིམས་འཆར་ཞིག་འདོན་སྤེལ་གནང་འདུག

དེ་ཡང་ཟླ་བ་འདིའི་ཕྱི་ཚེས་ ༢༥ ཉིན་ཨ་རིའི་མང་གཙོ་ཚོགས་པའི་འཐུས་མི་སྐུ་ཞབས་ Gerry Connolly ལགས་དང་སྤྱི་མཐུན་ཚོགས་པའི་འཐུས་མི་སྐུ་ཞབས་ John Curtis ལགས་བཅས་ཨ་རིའི་ཆབ་སྲིད་ཚོགས་པ་ཐུན་མོང་ནས་རྒྱ་གཞུང་གིས་ཐེ་ཝན་འདི་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཕྱིར་འབུད་གཏོང་རྒྱུའི་འབད་བརྩོད་བྱེད་བཞིན་ཡོད་པའི་གནད་དོན་འོག་ཐེ་ཝན་ལ་རྒྱབ་སྐྱོར་མཚོན་ཆེད་དུ་ Taiwan International Solidarity Act ཞེས་པའི་ཁྲིམས་འཆར་ཞིག་འདོན་སྤེལ་གནང་འདུག

སྐབས་དེར་ཨ་རིའི་སྤྱི་མཐུན་ཚོགས་པའི་འཐུས་མི་སྐུ་ཞབས་ John Curtis ལགས་ཀྱིས་ཐེངས་འདིའི་ཁྲིམས་འཆར་བརྒྱུད་ཨ་རིའི་ཐེ་ཝན་ལ་རྒྱ་སྐྱོར་བརྟན་པོ་ཡོད་པ་དང་། རྒྱ་གཞུང་གིས་ཐེ་ཝན་གྱི་གནད་དོན་ཐོག་འཁྱོག་བཤད་བྱ་རྒྱུའི་འབད་བརྩོད་བྱེད་བཞིན་པར་གདོང་ལེན་བཅས་ཀྱི་མཚོན་དོན་གལ་ཆེན་ཞིག་ཆགས་ཀྱི་ཡོད་སྐོར་གསུངས་པ་མ་ཟད། མང་གཙོ་ཚོགས་པའི་འཐུས་མི་སྐུ་ཞབས་ Gerry Connolly ལགས་ཀྱིས་རྒྱ་ནག་འདི་ཉིད་རྒྱལ་སྤྱིའི་འཕྲོད་བསྟེན་དང་བདེ་འཇགས་ལའང་གནོད་ཚབས་ཆེན་པོ་ཞིག་ཆགས་ཀྱི་ཡོད་པར་བརྟེན། ཐེངས་འདིར་ཆབ་སྲིད་ཚོགས་པ་གཉིས་ཐུན་མོང་ནས་རྒྱ་ནག་གིས་བྱ་སྤྱོད་དེར་གདོང་ལེན་དང་། ཐེ་ཝན་མི་མང་གི་མངོན་འདོད་ལ་རྒྱབ་སྐྱོར་མཚོན་ཆེད་ཡིན་སྐོར་སོགས་གསུངས་འདུག

ཁྲིམས་འཆར་དེ་ནི་དེ་སྔོན་ཕྱི་ལོ་ ༢༠༢༠ ལོར་ཨ་རིའི་ཁྲིམས་གཞི་གཏན་འབེབས་བྱས་པའི་ Taiwan Allies International Protection and Enhancement Initiative (TAIPEI) Act of 2019 ཞེས་པ་དེ་དང་འབྲེལ་བ་ཆགས་ཀྱི་ཡོད་པ་དང་། TAIPAI Act ཞེས་པའི་ཁྲིམས་གཞི་དེའི་ནང་ཨ་རིའི་ངོས་ནས་ཐེ་ཝན་འདི་ཉིད་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་ནང་དུ་མཉམ་ཞུགས་ཆེད་རྒྱབ་སྐྱོར་བྱ་རྒྱུ་སོགས་གསལ་ཡོད་སྟབས། ཐེངས་འདིའི་ཁྲིམས་འཆར་ནང་རྒྱ་གཞུང་ནས་ཐེ་ཝན་གི་སྔར་ཡོད་གནས་བབ་ལ་འགྱུར་བ་གཏོང་ཐབས་ལ་གདོང་ལེན་བྱ་རྒྱུ་སོགས་གསལ་ཡོད་པ་རེད་འདུག

རྩ་བའི་ཁྲིམས་འཆར་དེ་ནི་འདི་ལོའི་ཕྱི་ཟླ་ ༢ ནང་ཨ་རིའི་མང་གཙོ་ཚོགས་པའི་འཐུས་མི་ Gerry Connolly ལགས་དང་། Ami Bera ལགས། Dina Titus ལགས། དེ་བཞིན་སྤྱི་མཐུན་ཚོགས་པའི་འཐུས་མི་ Mario Diaz-Balart ལགས་དང་། John Curtis ལགས། Andy Barr ལགས། Brian Fitzpatrick ལགས། Lisa McClain ལགས་བཅས་ནས་ཐོག་མ་གྲོས་ཚོགས་སུ་ཁྲིམས་འཆར་དེའི་ཟིན་བྲིས་ངོ་སྤྲོད་གནང་ཡོད་པ་རེད།

གཞི་རྩའི་ཁྲིམས་འཆར་འདི་ཉིད་རིམ་པའི་ཨ་རིའི་གྲོས་ཚོགས་གོང་མའི་ནང་ཆེད་འདོན་གྱིས་གཏན་འབེབས་ཐུབ་རྗེས་ཨ་རིའི་སྲིད་འཛིན་མཆོག་གིས་མཚན་རྟགས་དང་འབྲེལ་ཁྲིམས་སུ་གཏན་འབེབས་ཐུབ་རྒྱུ་ཡིན་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།