Tibetan Royal Year of 2151 | Year of the Wood Dragon

ཨ་རིའི་གྲོས་ཚོགས་སུ་སྡེ་དགེ་བོད་མི་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པའི་གྲོས་ཆོད་ཆེད་འདོན།

Tibetan News Headlines

  • Gongma Rinpoche at 80: An in-depth interview with Sakya Gongma Trichen Rinpoche uncovering his life journey and biography

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • དམིགས་བསལ་ལས་རིམ། ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་༧སྐུ་ཚེའི་མཛད་རྣམ་སྙིང་བསྡུས།

བོད་ཀྱི་གསུམ་བཅུའི་དུས་དྲན་ཐེངས་ ༦༥ པ་དང་བསྟུན། ཁ་སང་ཕྱི་ཟླ་ ༣ པའི་ཚེས་ ༡༡ ཉིན་ཨ་རིའི་གྲོས་ཚོགས་ནང་། རྒྱ་ནག་གཞུང་གིས་ལོ་ངོ་ ༦༥ རིང་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱིས་བོད་མི་རྣམས་ཀྱི་ཡུན་རིང་འཐབ་རྩོད་ལ་རྒྱབ་སྐྱོར་དང་། ལྷག་པར་བོད་ཁམས་སྡེ་དགེ་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་ལ་སེམས་ཚབས་དང་འབྲེལ། ཁུལ་དེ་ནས་འཛིན་བཟུང་བྱས་པའི་བོད་མི་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པའི་གྲོས་ཆོད་ཆེད་འདོན་གནང་འདུག

US TIbet Resolution

དེའང་ཨ་རིའི་ Massachusetts  མངའ་སྡེའི་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim Mcgovern ལགས་དང། དེ་བཞིན་ཨ་རིའི་ཁེ་ལི་ཕོར་ནི་ཡ་ California མངའ་སྡེའི་རྙིང་ཞེན་ཚོགས་པའི་གྲོས་འཚོགས་འཐུས་མི་ལྕམ་སྐུ་ Young Kim ལགས་གཉིས་ཐུན་མོང་གིས་གྲོས་ཆོད་དེ་ཆེད་བཏོན་གནང་ཡོད་པ་དང་། གྲོས་ཆོད་དེ་བརྒྱུད་སྤྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཡི་ཞི་བའི་སྒེར་ལངས་བྱུང་ནས་མི་ལོ་ ༦༥ འཁོར་བའི་གསུམ་བཅུའི་དུས་དྲན་ལ་ངོས་འཛིན་དང་། རྒྱ་གཞུང་གིས་བོད་ཤར་ཁུལ་ཁམས་སྡེ་དགེ་ནང་ཆུ་མཛོད་གསར་རྒྱག་གི་ལས་གཞིའི་འོག་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བར་མཐའ་གཅིག་ཏུ་ངོ་རྒོལ་གནང་འདུག

སྐུ་ཞབས་ Mcgovern ལགས་ཀྱིས་གྲོས་ཆོད་འདོན་སྐབས། རྒྱ་གཞུང་གིས་བོད་ས་དབང་བསྒྱུར་བྱས་ཏེ་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་བྲོས་བྱོལ་ལ་ཕེབས་དགོས་བྱུང་ནས་ད་ཆ་མི་ལོ་ ༦༥ འཁོར་གྱི་ཡོད་པ་དང་། བོད་མི་རྣམས་ནས་འདས་པའི་ལོ་ངོ་ ༦༥ དེའི་རིང་ཉིན་ལྟར་ཆད་མེད་རང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་། རང་ཐག་རང་གཅོད་ཕྱིར་འཐབ་རྩོད་མུ་མཐུད་བྱེད་མུས་ཡིན་པ་འགྲེལ་བརྗོད་དང་འབྲེལ། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ངོས་ནས་རང་གི་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་གིས་བོད་མིར་བཙན་གནོན་བཏང་རྒྱུ་མཚམས་འཇོག་དགོས་པ་གསུངས་གནང་འདུག

དེ་བཞིན་ལྕམ་སྐུ་ Kim ལགས་ཀྱིས་རང་དབང་ལ་དགའ་བའི་བོད་མི་རྣམས་ལ་རྒྱབ་སྐྱོར་དགོས་གལ་གསུངས་བ་དང་ཆབས་གཅིག ། ཁོང་གིས་སྐུ་ཞབས་ Mcgovern ལགས་ལྷན་དུ་ཆབ་སྲིད་ཚོགས་པ་མཐུན་མོང་གི་གྲོས་ཆོད་དེར་སྤོབས་པ་ཆེན་པོའི་ཐོག་ནས་རྒྱབ་སྐྱོར་གནང་གི་ཡོད་པ་དང་། ཨ་རིའི་ Biden གཞུང་ནས་ཁྲིམས་འཆར་གཏན་འབེབས་བརྒྱུད་རྒྱ་ནག་གཞུང་ལ་འགན་འཁྲི་ཡོད་དགོས་པ་བཟོ་དགོས་གལ་ནན་སྐུལ་གནང་འདུག

གྲོས་ཚོགས་འོག་མའི་ནང་ཆེད་འདོན་གནང་བའི་གྲོས་ཆོད་དེའི་ནང་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ནས་བྲོས་བྱོལ་ལ་ཕེབས་ཏེ་མི་ལོ་ཧྲིལ་པོ་ ༦༥ ཟིན་གྱི་ཡོད་པའི་དུས་དྲན་དང་། འགྲོ་བ་མིའི་ཐོབ་ཐང་དང་བོད་མིའི་རང་ཐག་རང་གཅོད་ཐད་ཨ་རིའི་གྲོས་ཚོགས་ཐུན་མོང་ནས་རྒྱབ་སྐྱོར་ཡོད་པ། རྒྱ་གཞུང་ནས་ད་བར་ཁྲིམས་འགལ་གྱི་བཙོན་འཇུག་བྱས་ཡོད་པའི་བོད་མི་རྣམས་དང་ཉེ་ཆར་སྤྱི་ཟླ་ ༢ པའི་ནང་སྡེ་དགེའི་མི་མང་བཙོན་འཇུག་བཀག་ཉར་བྱས་ཡོད་པ་དག་གང་མྱུར་གློད་བཀྲོལ་དགོས་སྐོར་བཀོད་པ་མ་ཟད། ཆུ་མཛོད་ཀྱི་ལས་གཞིར་ངོ་རྒོལ་བྱེད་མཁན་སྡེ་དགེ་མང་ཚོགས་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བྱས་པར་རྒྱ་གཞུང་ནས་དགོངས་སེལ་ཞུ་དགོས་པ། ལྷག་པར་རྒྱ་ནག་གི་རྩ་ཁྲིམས་གཞིར་བཟུང་ས་གནས་བོད་མི་རྣམས་ཀྱི་དགོངས་ཚུལ་ལ་བརྩི་མཐོང་མ་བྱེད་བར་དུ་ཆུ་མཛོད་གསར་རྒྱག་གི་ལས་གཞི་དེ་དག་གནས་སྐབས་རིང་མཚམས་འཇོག་དགོས་པ་སོགས་གསལ་འདུག

འབྲེལ་ཡོད་གསར་གནས།

གསར་གནས།