Tibetan Royal Year of 2151 | Year of the Wood Dragon

བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་དང་པོ་དབུ་འཛུགས།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་དེ་རིང་བཞུགས་སྒར་ཉེ་འདབས་སུ་རྟེན་གཞི་བྱས་པའི་ Imperial ཨིམ་པི་རི་ཡལ་གསོལ་མགྲོན་ཁང་དུ་བོད་ཀྱི་གྲངས་མཛོད་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་དང་པོ་དབུ་འཛུགས་གནང་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་གིས་བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་ལས་གཞི་དེ་ནི་བཀའ་ཤག་སྐབས་ ༡༦ པའི་ཕུགས་རྒྱང་རིལ་ལ་འཛམ་གླིང་སྤྱི་ལ་ཕན་པའི་ལས་དོན་གལ་འགངས་ཆེ་ཤོས་ཤིག་ལ་བརྩི་བཞིན་ཡོད་ཅེས་གསུངས་སོང་།

དེ་རིང་དང་སང་ཉིན་བཅས་ཉིན་གཉིས་རིང་འཚོགས་བཞིན་པའི་ཚོགས་ཆེན་གྱི་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་ཆོས་རིག་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་དང་། དམིགས་བསལ་སྐུ་མགྲོན་ཨ་རིའི་རོགས་ཚོགས་ USAID ལས་འཆར་འགན་འཛིན་ཝི་ན་རེ་ཌི་མཆོག་ Veena Reddy དེ་བཞིན་ཆོས་རིག་ལས་ཁུངས་ཀྱི་དྲུང་འཕར་གཙོས་པའི་ལས་བྱེད་དང་། དགོན་སྡེ། གཙུག་ལག་སློབ་གཉེར་ཁང་། རིག་གཞུང་ལྟེ་གནས་ཁང་བཅས་ཀྱི་འགན་འཛིན་དང་དཔེ་མཛོད་དོ་དམ་པ། ཤེས་ཡོན་ཅན། རོགས་ཚོགས་སོགས་ཁྱོན་ཚོགས་བཅར་བ་ ༩༥ ཙམ་ལྷན་ཞུགས་གནང་འདུག

སྤྱིར་བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་ལས་གཞི་དེ་ནི་ཆོས་སྡེ་དང་རིག་གཞུང་བསྟི་གནས་ཁང་སོགས་ཀྱི་བཀའ་བསྟན་གཙོས་པའི་རིག་གནས་རྙིང་པ་དེ་དག་གྲངས་འཛིན་གྱི་ཐོག་ནས་ཉར་ཚགས་དང་། མི་མང་རྣམས་ལ་གྲངས་འཛིན་དེ་དག་གཟིགས་ཐུབ་པའི་མཐུན་རྐྱེན་སྦྱོར་སྤྲོད། དེ་བཞིན་མི་མང་གིས་དེ་བེད་སྤྱོད་བྱས་པའི་ཐོག་བོད་མིའི་སྤྱི་ཚོགས་གོང་བུ་ཆིག་སྒྲིལ་བཟོ་ཆེད་བཅས་དམིགས་པ་ཞིག་རེད་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཚོགས་ཆེན་དེའི་ཐོག་གསུང་འཕྲིན་ཞིག་སྩལ་བའི་ནང་། གངས་ལྗོངས་བོད་ཀྱི་ཆོས་རྒྱལ་ལོ་པཎ་བཀའ་དྲིན་ཅན་རྣམས་ཀྱིས་སངས་རྒྱས་ཀྱི་བསྟན་པ་དྲི་མ་མེད་པ་ཞིག་རང་རེའི་ཕ་མེས་རྣམས་ལ་རྩིས་སྤྲོད་གནང་བ་ལྟར་མི་རབས་དུ་མས་མི་ལོ་སྟོང་ཕྲག་བརྒལ་རིང་བདག་གཅེས་གནང་ཡོད་པ་དང་། ལྷག་པར་བོད་མི་བཙན་བྱོལ་བ་རྣམས་ཀྱིས་ཡུལ་དུས་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་དེ་སངས་རྒྱས་ཀྱི་བསྟན་པ་གངས་ལྗོངས་ཀྱི་རྒྱ་ལས་བརྒལ་ཏེ་འཛམ་གླིང་ཁྱོན་ཡོངས་ནས་དོ་སྣང་བྱེད་པའི་དུས་རབས་གསར་པ་ཞིག་ཚེས་པའི་སྐབས་འདིར། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་དུས་ཀྱི་འཕེལ་ཕྱོགས་དང་མཐུན་པའི་བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་ལས་གཞི་བརྩམས་པ་དང་།  དཔལ་འབྱོར་གྱི་རྒྱབ་རྟེན་གལ་ཆེ་བས་ཨ་རིའི་རོགས་ཚོགས་ནས་མཐུན་འགྱུར་གནང་བ། དེ་བཞིན་རང་རེའི་རིས་མེད་ཆོས་སྡེ་ཚང་མས་ཕྱར་གྲུ་མཉམ་འདེགས་གནང་དེ་ནི་བོད་ཙམ་མ་ཟད། འཛམ་གླིང་གི་གཅེས་ནོར་བདག་གཅེས་ཀྱི་ལས་གཞི་ཞིག་ཀྱང་ཡིན་པ་སོགས་བཀའ་སྩལ་འདུག

མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། བཀའ་ཤག་སྐབས་ ༡༦ པའི་ལས་གཞི་མང་དག་ཅིག་ཡོད་པའི་ནང་ནས་གྲངས་འཛིན་དཔེ་མཛོད་ཀྱི་ལས་གཞི་དེ་ནི་ཕུགས་རྒྱང་རིང་ལ་འཛམ་གླིང་སྤྱི་ལ་ཕན་ཐོགས་ཡོད་པར་བརྟེན། གལ་འགངས་ཆེན་པོ་ཞིག་ལ་བརྩི་བཞིན་ཡོད་པ་དང་། ལྷག་པར་ཐེངས་འདིའི་ཚོགས་འདུའི་ནང་ལས་གཞི་དེ་དངོས་སུ་ལག་བསྟར་བྱེད་པའི་སྐབས་མཉམ་རུབ་ཐོག་གནང་སྒོ་ཁག་ཇི་དགེ་སྐོར་གོ་བསྡུར་ཙམ་མ་ཟད། ལས་གཞི་དེའི་ནང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་བོད་བརྒྱུད་ནང་བསྟན་དགོན་སྡེ་ཁག་གི་དཔེ་རྙིང་རྣམས་ཀྱང་ཚུད་ཐུབ་པའི་འབད་བརྩོད་གནང་དགོས་གལ་སོགས་གསུངས་སོང་།

འདི་ག་རླུང་འཕྲིན་ཁང་གིས་ཆོས་རིག་ལས་ཁུངས་ཀྱི་རིག་གཞུང་ཚན་པའི་འགན་འཛིན་དོན་གྲུབ་ཚེ་རིང་ལགས་སུ་བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་ལས་གཞི་དང་དེ་འབྲེལ་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་སྐོར་བཀའ་འདྲི་ཞུས་ཡོད་པའི་གོང་གི་སྒྲ་སྒམ་ནས་གསན་ཐུབ།

དེ་རིང་ཚོགས་འདུའི་ཉིན་དང་པོར་བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་སྒྲོམ་གཞི་དང་། རྩ་འཛིན་ཡིག་ཆའི་ཟིན་བྲིས། དེ་བཞིན་ཆོས་སྡེ་ཁག་ནང་དཔེ་རྙིང་ཉར་ཚགས་དང་སྲུང་སྐྱོབ་གནང་ཕྱོགས་སོགས་ཀྱི་སྐོར་གོ་བསྡུར་གནང་ཡོད་པ་མ་ཟད། སང་ཉིན་དེ་འབྲེལ་འགན་འཛིན་ལྷན་ཚོགས་ཀྱི་འཐུས་མི་འདེམས་སྒྲུག་གནང་རྒྱུ་ཡིན་པ་རེད་འདུག

གཞི་རྩའི་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ངོས་ནས་ཕྱི་ལོ་ ༢༠༢༣ འགོ་སྟོད་དུ་ཆོས་རིག་བཀའ་བློན་དབུ་བཞུགས་ཐོག་རྡ་སའི་ཉེ་འཁོར་གྱི་རིག་གཞུང་བསྟི་གནས་ཁང་གི་དབུ་འཛིན་རྣམ་པ་དང་སྐུ་ཚབ་ལྷན་བཀའ་འགྱུར་བསྟན་འགྱུར་གཙོས་པའི་བོད་ཀྱི་རྩ་ཆེ་བའི་རིག་གནས་ཁག་དུས་དང་མཐུན་པའི་ཉར་ཚགས་གནང་ཐབས་ཐོག་གོ་བསྡུར་གནང་སྟེ། རིམ་པའི་དེ་འབྲེལ་ཚོགས་འདུ་གོ་སྒྲིག་བརྒྱུད། འདི་ལོའི་ཕྱི་ཟླ་ ༡ ཚེས་ ༡༦ ཉིན་ཐེངས་འདིའི་ཚོགས་ཆེན་ཆེད་དུ་ཁྱབ་ཁོངས་དགོན་སྡེ་དང་། རིག་གཞུང་ལྟེ་གནས་ཁང་། དེ་བཞིན་དཔེ་མཛོད་ཁྱོན་ ༡༠༠ ལྷག་ལ་ཡིག་ཆ་རྙིང་པ་ཡོད་མེད་དང་འབྲེལ་བའི་འགེངས་ཤོག་ཕུལ་ཡོད་པ་དང་། ཡ་ལན་གནང་མཁན་  ༨༤ བྱུང་བའི་ཁྲོད་ཡིག་ཆ་ཡོད་གསུང་མཁན་ ༦༥ དང་མེད་པ་ ༡༩ བཅས་བྱུང་འདུག་པ་མ་ཟད། ད་ལྟའི་ཚོགས་ཆེན་དེའི་ཐོག་ཆོས་སྡེ་ཁག་ ༥༨ དང་རིག་གཞུང་ལྟེ་གནས་ཁང་ ༡༠ བཅས་ཁྱོན་ ༦༨ ནས་མཉམ་ཞུགས་གནང་ཡོད་ཅིང་། རྩ་བའི་ཆོས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ད་ལྟའི་ཆར་དགོས་སྡེ་ཁག་ ༢༩༢ ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།