Tibetan Royal Year of 2151 | Year of the Wood Dragon

ཨ་རིའི་ནིའུ་ཡོག་མང་ཚོགས་ལ་གསུང་བཤད་དང་ཆོས་ཚོགས་ཀྱི་ཚོགས་འདུར་དབུ་བཞུགས།

Tibetan News Headlines

  • Tibetan delegation embark on an official visit to Taiwan
  • Sikyong Penpa Tsering begins final leg of his Europe visit to France
  • Chinese undercover agent breaks silence on espionage operations, including information gathering on Tibetans
  • UK Religious Freedom Envoy hears testimonies about threat to freedom of religion and belief from Tibetans and other minorities
  • Tibetan student topper dedicates accomplishment to the Dalai Lama as he reaches 90
  • 29th Gyalyum Chenmo in begins in Hunsur with the host beating Odisha Phuntsokling 2-0

རེས་གཟའ་ཕུར་བུ། ༢༠༢༤།༠༥།༡༦

  • བོད་མིའི་སྐུ་ཚབ་ཁག་གཅིག་ཐེ་ཝན་ནང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་པ།
  • སྲིད་སྐྱོང་མཆོག་ཧྥ་རན་སིར་ཉིན་གསུམ་རིང་ཕྱོགས་ཕེབས་གནང་བཞིན་པ།
  • རྒྱ་རིགས་སོ་མྱུལ་བ་ཞིག་གིས་རྒྱ་ནག་གཞུང་གིས་ཨོ་གླིང་གཙོས་རྒྱལ་སྤྱིའི་ཁྲོད་སྤེལ་བཞིན་པའི་བྱ་སྤྱོད་ཐེར་འདོན།
  • དབྱིན་ཡུལ་ནང་དུ་ཆོས་དད་རང་དབང་ཐོག་གྲོས་བསྡུར་ལས་རིམ་ཞིག་འཚོགས་གནང་འདུག
  • རྒྱལ་ཡོངས་ཡིག་རྒྱུགས་ནང་བརྒྱ་ཆ་ ༩༥.༢ སོན་པ་དེ་འདི་ལོར་༸གོང་ས་མཆོག་དགུང་གྲངས་ ༩༠ བདག་གིས་བཞེས་པར་ཕྱག་རྟགས་ཡིན།
  • རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་རྩེད་སྤོ་ལོའི་རྕེད་འགྲན་ཐེངས་ ༢༩  དབུ་འཛུགས།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིའི་ནིའུ་ཡོག་ནང་འཚམས་གཟིགས་གནང་བཞིན་པའི་ཁྲོད་ཁ་སང་ཁུལ་དེའི་བོད་རིགས་མང་ཚོགས་ལ་གསུང་བཤད་དང་ཆོས་ཚོགས་ཀྱི་ཚོགས་འདུ་ཐོག་དབུ་བཞུགས་གནང་བར་མ་ཟད། ཁུལ་དེའི་རྒྱ་རིགས་དང་བོད་རིགས་གཞོན་སྐྱེས་ཁག་གཅིག་བཅས་དང་ཐུག་འཕྲད་གནང་སྟེ་བོད་རྒྱའི་དཀའ་རྙོག་དང་བོད་མིའི་སྒྲིག་འཛུགས་ནས་དབུ་མའི་ལམ་གཞི་རྩར་བཞག་པའི་འཚེ་བ་མེད་པའི་སྲིད་བྱུས་ལག་བསྟར་གནང་བཞིན་སྐོར་གསུངས་འདུག

ཁ་སང་ནིའུ་ཡོག་དང་ནིའུ་ཇར་སི་ཕུན་ཚོགས་བདེ་ཞི་ཚོགས་ཁང་ནང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་ནིའུ་ཡོག་དང་ནིའུ་ཇར་སི་བོད་རིགས་སྤྱི་མཐུན་ཚོགས་པ་གཙོས་ས་གནས་ཀྱི་ཚོགས་སྐྱིད་ཁག་གི་འགན་ཁུར་བ་དང་བོད་མི་མང་ཚོགས་ནས་ཕེབས་བསུའི་སྣེ་ལེན་ གོ་སྒྲིག་ཞུས་དོན་ལྟར། སྲིད་སྐྱོང་མཆོག་གིས་ཁུལ་དེའི་ས་གནས་བོད་མི་མང་ཚོགས་དང་ཐུག་འཕྲད་ཀྱིས་གསུང་བཤད་གནང་སྟེ་སྐབས་ ༡༦ པའི་བཀའ་ཤག་གི་ལས་དོན་གནང་ཕྱོགས་སྤྱི་དང་ཡང་སྒོས་ད་བར་གྱི་ལས་དོན་ལེགས་གྲུབ་ཁག་དང་མ་འོངས་ལས་གཞི་ཇི་ཡོད་བཅས་ཀྱི་སྐོར་ལ་བཀའ་མོལ་གནང་བར་མ་ཟད། ཐེངས་འདིའི་བྱང་ཨ་རིའི་འཚམས་གཟིགས་ཁྲོད་དུ་ས་གནས་ཀྱི་ཆབ་སྲིད་མི་སྣ་དང་གྲོས་ཚོགས་འཐུས་མི། མཐོ་སློབ་ཀྱི་སློབ་གཉེར་བ་སོགས་དང་མཇལ་འཕྲད་ཀྱིས་བོད་དོན་དྲིལ་བསྒྲགས་གང་ལེགས་བྱུང་ཡོད་པར་གསུངས་འདུག

དེ་བཞིན་སྲིད་སྐྱོང་མཆོག་གིས་འདི་ལོའི་ཟླ་ ༤ ནང་བཀའ་ཤག་གི་ངོས་ནས་བོད་ཀྱི་མ་འོངས་འགན་སྲུང་ཞེས་པའི་ཕུགས་དམིགས་ཡིག་ཆ་འདོན་སྤེལ་གྱིས་བཀའ་ཤག་གི་ཆབ་སྲིད་དང་བོད་མིའི་བདེན་དོན། བོད་མིའི་སྒྲིག་འཛུགས་ཀྱི་ནུས་པ་གོང་སྤེལ་གཏོང་ཕྱོགས་དང་འབྲེལ་བའི་ལས་གཞི་ཁག་གསལ་སྟོན་གནང་སྟེ་ཆབ་སྲིད་ཐོག་ནས་དབུ་མའི་ལམ་གྱི་ཐབས་བྱུས་ལ་འགྱུར་བ་ཕྲན་བུ་བཏང་སྟེ་ལོ་རྒྱུས་ཐོག་ནས་བོད་རང་བཙན་ཡིན་པའི་གནས་བབ་རྒྱལ་སྤྱིའི་སྟེང་ངོས་འཛིན་ཐོབ་ཐབས་དང་དབུ་མའི་ལམ་གྱི་སྲིད་བྱུས་ལ་གདེང་འཇོག་ཡོང་ཐབས་སུ་འབད་རྩོལ་དང་ཞུ་གཏུག་གི་ཕྱག་ལས་ཁག་མུ་མཐུད་གནང་དང་གནང་མུས་ཡིན་སྐོར་གསུངས་འདུག

གསུང་བཤད་ཀྱི་ལས་རིམ་དེ་གྲུབ་རྗེས་སྲིད་སྐྱོང་མཆོག་གིས་མང་ཚོགས་ཀྱི་བཀའ་འདྲིར་བཀའ་ལན་གནང་བའི་ཁྲོད་བོད་རིགས་གཞོན་སྐྱེས་ཤིག་གིས་བོད་རྒྱའི་དཀའ་རྙོག་སེལ་བར་དབུ་མའི་ལམ་ཁོ་ན་མིན་པར་གཞན་ཐབས་ལམ་གྲ་སྒྲིག་དགོས་གལ་གཟིགས་སམ་ཞེས་བཀའ་འདྲི་ཞུས་པར་སྲིད་སྐྱོང་མཆོག་གིས་ད་ལྟའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་དང་སྒོས་རྒྱ་ནག་ནང་གི་གནས་སྟངས་ཁག་ལ་གཞིགས་ཏེ་བོད་རྒྱའི་དཀའ་རྙོག་སེལ་བར་གཉིན་སྨན་དབུ་མའི་ལམ་གྱི་ཐབས་ལམ་དེ་བཟང་ཤོས་ཆགས་ཡོད་པ་དང་སྲིད་བྱུས་དེ་ནི་བོད་རྒྱའི་དཀའ་རྙོད་སེལ་བར་ཕན་ཐོགས་ཡོད་པར་གསུངས་འདུག

དེ་བཞིན་སྐབས་དེར་གང་ཟག་ཅིག་གིས་སྲིད་སྐྱོང་མཆོག་གི་ཐེངས་འདིའི་ཕྱོགས་ཕེབས་དང་འབྲེལ་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༦ མུ་མཐུད་ཚོགས་ མ་ཐུབ་པའི་གནད་དོན་དང་འབྲེལ་བ་གང་ཡོད་དམ་ཞེས་བཀའ་འདྲི་ཞུས་སྐབས་སྲིད་སྐྱོང་མཆོག་གིས་གྲོས་ཚོགས་ཚོགས་དང་མ་ཚོགས་དེ་སྤྱི་འཐུས་རྣམ་པའི་ཐུགས་འགན་རེད་མ་གཏོགས་བཀའ་ཤག་ལ་སྐུ་དབང་གང་ཡང་ཡོད་མ་རེད་ཅེས་གསུངས་ཡོད།  

ཉིན་རྒྱབ་ཏུ་སྲིད་སྐྱོང་མཆོག་གིས་གཞུང་འབྲེལ་གྱི་ནིའུ་ཡོག་དང་ནིའུ་ཇར་སི་ཁུལ་དུ་ཡོད་པའི་རིས་མེད་ཆོས་ཚོགས་སམ་དགོན་པ་ཁག་གི་སྐུ་ཚབ་དང་ལྷན་དུ་མཇལ་མོལ་གནང་སྟེ་ད་བར་ས་གནས་སུ་ཡོད་པའི་ཆོས་ཚོགས་དེ་དག་གིས་རང་ཁ་རང་གསོའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་གསུང་སྤྱི་གྲུབ་དང་ཆོས་ཕྱོགས་ཀྱི་མཛད་སྒོ་སྣ་མང་སྤེལ་ཏེ་བོད་ཀྱི་ཆོས་ལུགས་དང་རིག་གཞུང་བཅས་པ་སྲུང་སྐྱོབ་གནང་བཞིན་པར་ཐུགས་རྗེ་ཆེ་ཞེས་དང་སྦྲགས་ཏེ། ཕྱི་ལོ་ ༢༠༢༥ ལོར་མགོན་པོ་༸གང་ཉིད་མཆོག་དགུང་གྲངས་དགུ་བཅུར་ཕེབས་པའི་༸སྐུའི་གོ་སྟོན་གཟབ་རྒྱས་ངང་སྲུང་བརྩི་ཞུ་རྒྱུའི་གསལ་བསྒྲགས་གནང་བར་མ་ཟད། བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་ཁག་གཙོས་ནང་པ་ཚོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་སྐོར་ལ་ཐུགས་ཐག་གཅོད་རྒྱུའི་༸སྐུ་དབང་ཡོངས་རྫོགས་མགོན་པོ་༸གང་ཉིད་མཆོག་ལ་ཡོད་སྐོར་གསལ་བའི་གྲོས་ཆོད་བཞག་ཐུབ་ཚེ་དེས་མ་འོངས་པར་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་པ་རྣམས་ཀྱི་༸རྒྱལ་བའི་ཡང་སྲིད་དང་འབྲེལ་བའི་སྐོར་དགོངས་ཚུལ་གཅིག་མཚུངས་ཡིན་པར་ཐུགས་ཕན་གསོས་ངེས་ཡིན་པ་གསུངས་ཡོད།  

སྲིད་སྐྱོང་མཆོག་གིས་ཁ་སང་ཉིན་རྒྱབ་ཏུ་ཁུལ་དེའི་ཐེ་ཝན་བསྟི་གནས་ཁང་དུ་བོད་རྒྱ་གཞོན་སྐྱེས་ཁག་གཅིག་དང་ཐུག་འཕྲད་གནང་སྟེ་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ངོ་སྤྲོད་བརྒྱུད་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་དང་རྒྱ་ནག་དམར་ཤོག་གཞུང་གིས་བོད་ལ་བཙན་འཛུལ་བྱས་ཏེ་ད་བར་མུ་མཐུད་དེ་བོད་ནང་སྲིད་བྱུས་ངན་པ་ལག་བསྟར་གྱིས་བོད་མིའི་ཐུན་མོང་མ་ཡིན་པའི་ཆོས་རིག་དང་སྐད་ཡིག་བཅས་པ་རྩ་མེད་བཟོ་མུས་ཡིན་སྟབས། འདིར་ཡོད་རྒྱ་རིགས་སློབ་གྲྭ་ཆེན་མོ་ནས་ཐོན་པའི་སློབ་ཕྲུག་རྣམས་ནས་ཕྱིའི་རྒྱལ་ཁབ་ནང་གི་གོ་སྐབས་དམ་འཛིན་གྱིས་རྒྱ་ནག་གིས་བོད་ལ་འཁྱོག་བཤད་བྱེད་བཞིན་པ་རྣམས་ལ་ཉམས་ཞིབ་གནང་སྟེ་ད་ལྟའི་བོད་ནང་གི་དངོས་ཡོད་གནས་སྟངས་གང་འདྲ་ཆགས་ཡོད་མེད་དང་འབྲེལ་ནས་གསལ་རྟོགས་གནང་གནད་ཡིན་པར་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།