ཨ་རིའི་ཚོང་དོན་ལྷན་ཁང་ནས་རྒྱལ་ཁབ་བདེ་འཇགས་ལ་སེམས་འཚབ་ཀྱིས་རྒྱ་ནག་དང་ཨུ་རུ་སུའི་ཚན་རྩལ་ལྡན་པའི་འཕྲུལ་ལས་བཞོན་འཁོར་ནང་འདྲེན་དང་ཚོང་ལས་བཀག་སྡོམ་བྱ་རྒྱུའི་གྲོས་འཆར་ཞིག་ཆེད་བཏོན་གནང་འདུག

དེ་ཡང་ཁ་ཉིན་ཕྱི་ཚེས་ ༢༣ ཉིན་ཨ་རིའི་ཚོང་དོན་ལྷན་ཁང་གི་དྲུང་ཆེ་ Gina Raimondo ལགས་ཀྱིས་དྲྭ་ལམ་བརྒྱུད་གསར་འགོད་པ་ཚོར་གཏམ་བཤད་གཅིག་གི་སྐབས། འདི་ལོའི་ཟླ་བ་ ༢ པའི་ནང་ཨ་རིའི་གཞུང་ནས་ཞིབ་འཇུག་བྱས་དུས་ཨ་རིའི་བཞོན་འཁོར་ནང་བེད་སྤྱོད་བྱས་པའི་རྒྱ་ནག་དང་ཨུ་རུ་སུའི་མཉེན་ཆས་དང་འཕྲུལ་ཆས་རྣམས་ཀྱིས་ཁ་ལོ་པས་སྒེར་གྱི་གནས་ཚུལ་བསྡུ་རུབ་བྱེད་པ་དང་དྲྭ་ཚིགས་བརྒྱུད་གཏོར་རྒོལ་ངན་བྱུས་བྱེད་པ་སོགས་རྒྱལ་ཁབ་བདེ་འཇགས་ལ་ཉེན་ཁ་སྣ་ཚོགས་ཤིག་ཡོད་པར་ཤེས་རྟོགས་བྱུང་ཡོད་པ་འགྲེལ་བརྗོད་གནང་འདུག
ཁོང་གིས་ད་དུང་། གནས་སྟངས་ཚབས་ཆེན་གྱི་སྐབས་སུ་ཨ་རིའི་དགྲ་བོ་ཞིག་གིས་ཨ་རིའི་ནང་དུ་འགྲུལ་བཞུད་བྱེད་བཞིན་པའི་ཁོ་ཚོའི་བཞོན་འཁོར་ཚང་མ་དུས་གཅིག་ལ་བཀག་འགོག་བྱེད་པའམ་སྟངས་འཛིན་བྱེད་ཐུབ་པ་སོགས་ཀྱི་རྐྱེན་པས་བཞོན་འཁོར་བརྡབས་སྐྱོན་བྱུང་བའམ་ལམ་ཁ་ཡོངས་རྫོགས་འགག་སྲིད་པ་སོགས་ཀྱི་ཉེན་ཁ་ཆེན་པོ་ཡོད་པ་བརྗོད་འདུག

བཀག་སྡོམ་དེ་ནི་རྒྱལ་ཁབ་དེའི་ནང་གསར་དུ་ནང་འདྲེན་བྱ་རྒྱུའི་ཚན་རྩལ་ལྡན་པའི་བཞོན་འཁོར་མ་གཏོགས་ཨ་རིའི་ལམ་ཁའི་སྟེང་དུ་འགྲོ་བཞིན་པ་རྣམས་ཀྱི་ཐོག་ལག་བསྟར་བྱ་རྒྱུ་མིན་པ་དང་། དེའང་མཉེན་ཆས་བཀོལ་སྤྱོད་བྱེད་མི་ཆོག་པའི་བཀག་སྡོམ་དེ་ཕྱི་ལོ་ ༢༠༢༧ ལོའི་བཞོན་འཁོར་དང་། འཕྲུལ་ཆས་བཀོལ་སྤྱོད་བྱེད་མི་ཆོག་པའི་བཀག་སྡོམ་དེ་ཕྱི་ལོ་ ༢༠༣༠ ལོའི་བཞོན་འཁོར་ལ་དངོས་སུ་ལག་བསྟར་བྱེད་རྒྱུ་ཡིན་པ་བརྗོད་འདུག
སྤྱིར་ད་སྐབས་རྒྱ་ནག་དེ་ཉིད་ Semi-conductors འམ་སྣེ་འཕྲི་ཆ་ལག་དང་ Artificial Intelligence འམ་མིས་བཟོས་རིག་ནུས་སོགས་གློག་ཀླད་འཕྲུལ་ལས་མཁོ་འདོན་བྱེད་མཁན་གཙོ་བོ་ཞིག་ཆགས་ཡོད་པ་དང་། ཨ་རིའི་ངོས་ནས་རིན་གོང་ཆུང་བའི་འཕྲུལ་ལས་ནང་འདྲེན་སླད་རྒྱ་ནག་ལ་མུ་མཐུད་བསྟེན་དགོས་ཀྱི་ཡོད་པ་མ་ཟད། ལྷག་པར་དུ་རྒྱ་ནག་ཕྱོགས་ནས་ཡོ་རོབ་གླིང་ཕྲན་དུ་ཚོང་འབྲེལ་སོགས་ཀྱི་བརྒྱུད་བཙན་འཛུལ་བྱས་པར་བརྟེན་ཨ་རིའི་དཔོན་རིགས་ཚོས་སེམས་འཚབ་བྱེད་བཞིན་ཡོད་པ་རེད་འདུག

ཨ་རིའི་ཚོང་དོན་ལྷན་ཁང་གི་དྲུང་ཆེ་ Gina Raimondo ལགས་ཀྱིས་ད་རེས་ཀྱི་གྲོས་འཆར་འདི་ནི་ཚོང་ལས་དང་དཔལ་འབྱོར་ཁེ་ཕན་གྱི་ཆེད་དུ་མིན་པར་རྒྱལ་སྲུང་གི་ཆེད་དུ་ཡིན་པ་གསལ་འདོན་གྱིས། དཔེར་ན། རྒྱ་ནག་གམ་ཨུ་རུ་སུས་ཨ་རི་གནས་སྡོད་ཁ་ལོ་བ་དེའི་སྡོད་གནས་ཁ་བྱང་དང་། ཕྲུ་གུའི་སློབ་གྲྭ་བསྒྲིམ་ས། སྨན་པ་བསྟེན་ཡུལ་སོགས་ཀྱི་གནས་ཚུལ་བསྡུ་རུབ་བྱས་ན། ཨ་རིའི་ཕྱོགས་ལ་ཉེན་ཁ་ཆེན་པོ་འཕྲད་ཀྱི་རེད་ཅེས་གསུངས་འདུག
མ་ཟད་ཕོ་བྲང་དཀར་པོའི་རྒྱལ་སྲུང་སློབ་སྟོན་པ་ Jake Sullivan ལགས་ཀྱིས་ཀྱང་རྒྱ་ནག་གཞུང་གིས་ང་ཚོའི་དགོས་ངེས་ཀྱི་རྨང་གཞིའི་འཛུགས་སྐྲུན་ལ་བར་ཆད་དང་གཏོར་བཤིག་གཏོང་ཆེད་མཉེན་ཆས་བཟོ་སྐྲུན་བྱེད་ཀྱི་ཡོད་པའི་དཔང་རྟགས་མང་པོ་མཐོང་རྒྱུ་ཡོད་པ་དང་། ཚོགས་འདུའི་ཐོག་རྒྱ་གཞུང་གི་མིང་གི་རྣམ་གྲངས་ཤིག་བེད་སྤྱོད་བྱས་ནས་གལ་སྲིད་རྒྱ་ནག་གིས་བཟོས་པའི་ཉེན་ཁ་ཅན་གྱི་ལག་རྩལ་ལྡན་པའི་བཞོན་འཁོར་སྤྱང་གྲུང་ལྡན་པ་ས་ཡ་མང་པོ་ཨ་རིའི་ལམ་ཁ་རུ་ཡོད་ཚེ། བར་ཆད་དང་གཏོར་བཤིག་གཏོང་རྒྱུའི་ཉེན་ཁ་མངོན་གསལ་དོད་པོས་འཕེལ་རྒྱུ་ཡིན་པ་མངོན་གསལ་གནང་འདུག

དེའི་བར་ན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Lin Jian གྱིས་བསྒྲགས་གཏམ་ཞིག་ཏུ་ཨ་རིའི་ཕྱོགས་ནས་རྒྱ་ནག་གི་ཁེ་ལས་དང་ཐོན་རྫས་ལ་དབྱེ་འབྱེད་བྱེད་པའི་བྱ་སྤྱོད་ལ་རྒྱ་ནག་ཕྱོགས་ནས་ངོ་རྒོལ་བྱེད་བཞིན་ཡོད་པ་འགྲེལ་བརྗོད་ཀྱིས། ཨ་རིའི་ཕྱོགས་ནས་ཁྲོམ་རའི་རྩ་དོན་ལ་བརྩི་བཀུར་བྱེད་དགོས་པ་དང་། རྒྱ་ནག་གི་ཁེ་ལས་རྣམས་ལ་གུ་ཡངས་དང་། དྲང་པོ། མངོན་གསལ། དབྱེ་འབྱེད་བྲལ་བའི་ཚོང་ལས་ཀྱི་ཁོར་ཡུག་ཅིག་མཁོ་སྤྲོད་བྱེད་དགོས་པའི་ནན་སྐུལ་བྱས་འདུག




