རྒྱལ་སྤྱིའི་ཁྲོད་གསར་ཁང་ཆེ་གྲས་ Associated Press (AP) ནང་ཕྱག་ལས་གནང་མཁན་ཧྥ་རན་སིའི་མི་སེར་ཡིན་པ་གསར་འགོད་པ་ཞིག་ལ་ཧོང་ཀོང་ནང་དུ་འཛུལ་བཞུགས་བཀག་སྡོམ་བྱས་འདུག

དེ་ཡང་ཁ་ཉིན་ཕྱི་ཚེས་ ༢༤ ཉིན་གནས་ཚུལ་ཐོན་པར་གཞིགས་ན། ཕ་རན་སིའི་མི་སེར་རྣམས་ཧོང་ཀོང་དུ་མཐོང་མཆན་མེད་པར་ཉིན་གྲངས་ ༩༠ འི་དུས་ཡུན་བར་དུ་བསྐྱོད་ཆོག་གི་ཡོད་ཀྱང་། ཧོང་ཀོང་ས་གནས་གཞུང་ནས་རྒྱལ་སྤྱིའི་ཁྲོད་གྲགས་ཆེ་བའི་ AP གསར་ཁང་གི་པར་རིས་གསར་འགོད་པ་ཧྥ་རན་སིའི་མི་སེར་ཡིན་པ་ Louise Delmotte ལགས་སུ་ཁུལ་དེར་འཛུལ་བཞུགས་ཀྱི་ཆོག་མཆན་མ་སྤྲད་པར་བཀག་སྡོམ་བྱས་ཡོད་པ་དང་། དེ་ནི་འདི་ལོའི་འགོ་སྟོད་དུ་ཁོང་གི་ལས་ཀའི་མཐོང་མཆན་ཕྱིར་འགྱངས་ཀྱི་སྙན་ཞུར་ཧོང་ཀོང་ནས་ངོས་ལེན་བྱས་མེད་པའི་ཟླ་བ་འགའ་ཤས་སོང་རྗེས་བྱུང་བ་ཞིག་ཆགས་ཀྱི་ཡོད་པ་རེད།
སྤྱིར་ Louise Delmotte ལགས་ཀྱིས་ན་ནིང་ཁུལ་དེའི་བཙོན་ཁང་ནང་ཡོད་པའི་ Apple Daily གསར་ཁང་གི་བདག་པོ་ Jimmy Lai ལགས་ཀྱི་པར་རིས་ཁག་གཅིག་བཙོན་ཁང་གི་ཕྱི་ལོགས་ནས་བླངས་པར་སྙན་གྲགས་ཅན་འགྱུར་བ་མ་ཟད། དེ་སྔ་ཏོག་དབྱིབས་ནད་རིམས་སྐབས་མི་མང་ཟུར་བཀག་གི་སྲིད་བྱུས་དང་འབྲེལ་བའི་པར་རིས་ཁག་ཅིག་ལའང་བྱ་དགའ་ཐོབ་མྱོང་ཡོད་པ་རེད་འདུག

ཧོང་ཀོང་གི་སྤྱི་ཁྱབ་གཙོ་འཛིན་ John Lee ཡིས་རྒྱུན་ལྡན་གྱི་གསར་འགོད་ལྷན་ཚོགས་ཞིག་གི་སྐབས། Louise Delmotte ལགས་ཀྱི་གནད་དོན་སྐོར་དྲི་བ་བཏང་སྐབས། ཁོ་པས་ཧོ་ཀོང་ནང་མི་སྣ་འཛུལ་བཞུགས་ཀྱི་གནད་དོན་ཡོང་རྫོགས་ཁུལ་དེའི་ཕྱི་མི་ཞིབ་བཤེར་ལས་ཁུངས་ཀྱི་སྲིད་བྱུས་དང་འབྲེལ་ཡོད་ས་གནས་གཞུང་གི་ཁྲིམས་ལུགས་ལྟར་འགྲོ་དགོས་ཀྱི་ཡོད་པ་ལྟར་ཕྱི་མི་ཞིབ་བཤེར་ལས་ཁུངས་ཀྱི་དེ་ལྟར་བྱས་ཡོད་པ་དང་། སྒེར་གྱི་གྱོད་གཞི་རིགས་ལ་བསམ་ཚུལ་བརྗོད་རྒྱུ་གང་ཡང་མེད་པར་ཁྲིམས་དང་སྲིད་ཇུས་གཞིར་བཟུང་གིས་ལས་དོན་སྒྲུབ་ཀྱི་ཡོད་ཅེས་བཤད་འདུག
འོན་ཀྱང་ཧོང་ཀོང་གསར་འགོད་མཐུན་ཚོགས་ཀྱི་ཚོགས་གཙོ་ Selina Cheng ལགས་ཀྱིས་ཧོང་ཀོང་གཞུང་གིས་གསར་འགོད་པ་རྣམས་ལ་མཐོང་མཆན་དང་གྲོང་ཁྱེར་དུ་འཛུལ་ཆོག་པའི་ཆོག་མཆན་མི་སྤྲོད་པ་ནི་རྒྱུན་ལྡན་ལྟ་བུ་གྱུར་ཡོད་སྐོར་བརྗོད་པ་དང་འབྲེལ། Louise Delmotte ལགས་ཀྱི་གནད་དོན་འདིས་རྒྱལ་སྤྱིའི་ཁྲོད་ཧོང་ཀོང་སྲིད་གཞུང་གིས་ཁུལ་དེའི་ནང་ཕྱི་རྒྱལ་གྱི་ཁེ་ལས་དང་། འཇོན་ཐང་ཅན། ཡུལ་སྐོར་བ་བཅས་ལ་དགའ་བསུ་བྱེད་པའི་བརྡ་ལན་ལ་གནོད་ཀྱི་ཡོད་པ་གསལ་འདོན་གནང་འདུག

མ་ཟད་གལ་ཏེ་དབང་འཛིན་པ་ཚོས་གསར་འགོད་པ་ངོས་ནས་ཧོང་ཀོང་གི་གཏམ་བཟང་བཤད་དུ་འཇུག་འདོད་ཡོད་ན། ཕྱི་རྒྱལ་གྱི་གསར་འགོད་པ་ཚོ་གྲོང་ཁྱེར་དུ་གནས་སྡོད་བཅུག་དགོས་རེད་ཅེས་འགྲེལ་བརྗོད་དང་འབྲེལ། གལ་སྲིད་ཕྱི་རྒྱལ་གྱི་གསར་འགོད་པ་ཚོ་ཧོང་ཀོང་ནས་ཕྱིར་འབུད་བྱས་ཚེ། ཁོ་ཚོས་སིངྒ་པུར་དང་ཐའེ་པེ་ལྟ་བུའི་འགྲན་ཟླའི་ས་ཆ་ཞིག་ནས་གསར་འགྱུར་སྤེལ་ངེས་ཡིན་པའི་བརྡ་ལན་བཏང་འདུག་ལ། གྲོང་ཁྱེར་དུ་ཡོང་བཞིན་པའི་འགྲུལ་པ་དང་ཕྱི་རྒྱལ་གྱི་མི་སྣ་གྲགས་ཅན་ཚོར་བློ་བདེ་ཡིད་ཆེས་ཡོང་ཆེད་དུ་ཧོང་ཀོང་ཕྱི་མི་ཞིབ་བཤེར་ལས་ཁུངས་ཀྱིས་སྔོན་ཚུད་ནས་འགྲུལ་པ་རིགས་གང་ཞིག་དང་མི་སུ་ཞིག་ཧོང་ཀོང་ནང་དགའ་བསུ་ཡོད་མེད་གསལ་པོ་ཤོད་དགོས་ཅེས་བརྗོད་འདུག
གཞི་རྩའི་ཉེ་བའི་ལོ་ཤས་ནང་གསར་འགོད་པ་དང་ལས་འགུལ་བ། མཁས་པ་བཅས་ཧོང་ཀོང་དུ་འཛུལ་བཞུགས་བཀག་སྡོམ་བྱས་པའི་གནས་ཚུལ་རིམ་པའི་ཐོན་བཞིན་ཡོད་པའི་ཁོངས། ཕྱི་ལོ་ ༢༠༡༨ ལོར། Financial Times དཔལ་འབྱོར་དུས་དེབ་ཀྱི་ཨེ་ཤེ་ཡའི་གསར་འགྱུར་རྩོམ་སྒྲིག་པ་ Victor Mallet ལགས་ཡོད་པ་ཁོང་ནས་ལོ་དེའི་ཟླ་བ་བརྒྱད་པའི་ནང་ཧོང་ཀོང་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་ Andy Chan གྱིས་གཏམ་བཤད་ཅིག་བཀོད་སྒྲིག་བྱས་པར་ཁོང་ལ་ཧོང་ཀོང་ནང་འཛུལ་བཞུགས་བཀག་འགོག་དང་ཁོང་གི་མཐོང་མཆན་ཡང་བསྐྱར་གསོ་བྱེད་མ་བཅུག་པ། དེ་བཞིན་ཉེ་ཆར་ཟླ་འདིའི་འགོ་སྟོད་དུ་རྒྱལ་སྤྱིའི་ཁྲོད་གཟེངས་རྟགས་ཐོབ་མྱོང་བའི་འཇར་མན་གྱི་གསར་འགོད་པ་དང་ལས་འགུལ་བ་ David Missal ལགས་ཀྱང་ཡོད་པ་ཁོང་འཇར་མ་ནིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཡིན་པའི་ཆ་ནས་བོད་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དང་ཧོང་ཀོང་ལ་རང་དབང་ལྡན་པའི་མང་གཙོ་དགོས་པའི་རྩོད་ལེན་བྱེད་བཞིན་ཡོད་པས་རྒྱུ་མཚན་གྱིས་ཁོང་ཧོང་ཀོང་དུ་འཛུལ་བཞུགས་བཀག་སྡོམ་གྱིས་དྲི་རྩད་དང་ཅ་དངོས་སྔོག་བཤེར་སོགས་བྱས་ཡོད་པ་རེད།

ཐེངས་འདིར་ཧོང་ཀོང་གཞུང་ནས་ AP གསར་ཁང་གི་གསར་འགོད་པ་ Louise Delmotte ལགས་ཁུལ་དེར་འཛུལ་བཞུགས་བཀག་སྡོམ་བྱས་པའི་གནས་ཚུལ་ཐོན་མ་དག གསར་ཁང་གི་མགྲིན་ཚབ་པ་ཞིག་གིས། Louise Delmotte ལགས་ནི་གསར་འགོད་པ་འཇོན་ཐང་ཅན་ཞིག་ཡིན་པ་དང་། ཁོ་མོས་ AP གསར་ཁང་ཆེད་དུ་ཧོང་ཀོང་ནང་ལས་ཀ་གལ་ཆེན་བསྒྲུབས་པར་ང་ཚོ་དགའ་སྤོབས་སྐྱེ་བཞིན་ཡོད་པ་མ་ཟད། AP གསར་འགྱུར་ལྷན་ཁང་ནས་མུ་མཐུད་ཧོང་ཀོང་དུ་གནས་ཚུལ་མཁོ་སྒྲུབ་ཀྱིས་ Louise དང་ལྷན་དུ་ལས་ཀའི་རིམ་པ་རྗེས་མ་རྣམས་སྒྲུབ་བཞིན་ཡོད་ཅེས་བརྗོད་འདུག
མ་ཟད་ཧོང་ཀོང་གསར་འགོད་པ་དང་པར་པ་མཐུན་ཚོགས་ཀྱིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་ཁོ་ཚོའི་ཚོགས་མི་ཞིག་གྲོང་ཁྱེར་ནང་འཛུལ་ཞུགས་བྱེད་མ་བཅུག་པ་དེར་སེམས་འཚབ་བྱུང་ཡོད་ལུགས་བརྗོད་འདུག་པ་དང་། གསར་འགོད་པ་རྣམས་ཧོང་ཀོང་གྲོང་ཁྱེར་ནང་འཛུལ་བཞུགས་བྱེད་མ་བཅུག་པའི་གནས་ཚུལ་ཇི་ཙམ་གྱི་མང་བ་བྱུང་ན། དེ་ཚོད་ཀྱི་ཧོང་ཀོང་ནང་གི་གསར་འགོད་པའི་རང་དབང་གི་ཚད་གཞི་ཉམས་རྒུད་དུ་འགྲོ་ཉེན་ཡིན་པས། གསར་འགོད་ལས་རིགས་དང་འབྲེལ་ལམ་ཇེ་ཆེར་གཏོང་རྒྱུ་དང་། གསར་འགོད་རང་དབང་གི་ཚད་མཐོ་ཞིང་བཟང་ཕྱོགས་ཀྱི་རྣམ་པ་རྒྱུན་རིང་པོར་གནས་ཆེད། མཐོང་མཆན་སྤྲོད་སྟངས་ཀྱི་ཐད་ལ་གུ་ཡངས་དང་གསལ་ཁ་ཆེ་བའི་ལམ་སྟོན་བྱེད་དགོས་པའི་བསམ་ཚུལ་བཏོན་འདུག




