Tibetan Royal Year of 2151 | Year of the Wood Dragon

ཨིན་ཡུལ་ཕྱི་སྲིད་དྲུང་ཆེར་རྒྱ་ནག་གི་དུས་བཀག་བསྐྱར་ཞིབ་ཐོག་བོད་དོན་གླེང་དགོས་པའི་ཞུ་སྐུལ།

Tibetan News Headlines

  • Rice planting with Tashi Tobgyal, Mainpat Tibetan Settlement’s Premier Farm Cultivator
  • Saga Dawa by Yangteng Rinpoche

རེས་གཟའ་ཉི་མ། ༢༠༢༤།༠༥།༡༢

  • མན་སྤར་ཕན་བདེ་གླིང་བོད་མིའི་གཞིས་ཆགས་ཀྱི་ཞིང་པ་བཀྲིས་སྟོབས་རྒྱལ་ལགས་དང་གླེང་མོལ།
  • ས་ག་ཟླ་བ་ངོ་སྤྲོད།

རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་དུས་བཀག་བསྐྱར་ཞིབ་ཐེངས་བཞི་པ་གནང་ཉེ་དང་བསྟུན་ཨིན་ཡུལ་ཕྱི་སྲིད་དྲུང་ཆེ་མཆོག་ལ་རྒྱ་ནག་གི་དུས་བཀག་བསྐྱར་ཞིབ་ཐོག་བོད་དོན་ངེས་པར་དུ་གླེང་གནང་དགོས་པའི་ཞུ་སྐུལ་གནང་འདུག

དེ་ཡང་གཟའ་འཁོར་རྗེས་མའི་ཕྱི་ཚེས་ ༢༣ ཉིན་སུད་སི་ཇི་ནི་ཝ་གྲོང་ཁྱེར་དུ་རྒྱ་ནག་ཁྱོན་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་བའི་དུས་བཀག་བསྐྱར་ཞིབ་ཐེངས་ ༤ འཚོགས་འཆར་ཡོད་པ་དང་བསྟུན་བོད་དོན་ཞུ་གཏུགས་ཐུན་མོང་བོད་དོན་ཞུ་གཏུགས་ཚོགས་པས་རྐང་གོ་སྒྲིག་འོག་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་སྒེར་ཁག་ཅིག་མཉམ་སྦྲེལ་ཐོག་འདས་པའི་ཟླ་བ་མང་དག་ཞིག་ནས་རང་ཉིད་ཀྱི་གཞུང་འཛིན་རྣམས་ལ་རྒྱ་ནག་ཐོག་གི་དུས་བཀག་བསྐྱར་ཞིབ་ཚོགས་འདུ་སྐབས་བོད་དོན་གླེང་སློང་དགོས་པའི་ཞུ་སྐུལ་རབས་དང་རིམ་པ་གནང་ཡོད་པའི་ཁྲོད། ཁ་སང་ཚེས་ ༡༧ ཉིན་ཨིན་ཡུལ་ནང་རྟེན་གཞི་བྱས་པའི་ Free Tibet བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ཨིན་ཡུལ་བོད་རིགས་ཚོགས་པ། དེ་བཞིན་ཁུལ་དེའི་ནང་གི་དང་བླངས་བོད་དོན་ཞུ་གཏུག་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ཀྱི་སྐུ་ཚབ་མཉམ་སྦྲེལ་གྱིས་ཨིན་ཡུལ་ནང་ཡོད་པའི་ཕྱི་སྲིད་ལས་ཁུངས་སུ་ཆེད་བཅར་གྱིས་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Lord David Cameron མཆོག་གི་མཚན་ཐོག་ཏུ་ཞུ་སྙན་ཞིག་ཕུལ་ཏེ་འཚོག་ལ་ཉེ་བའི་རྒྱ་ནག་གི་དུས་བཀག་བསྐྱར་ཞིབ་ཐོག་ཨིན་ཡུལ་གཙོས་རྒྱལ་སྤྱིའི་གཞུང་འཛིན་རྣམས་ནས་རྒྱ་གཞུང་གིས་བོད་ནང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་ཛ་དྲག་གི་གནས་སྟངས་སྐོར་ངེས་པར་དུ་གླེང་སློང་དགོས་པའི་འབོད་སྐུལ་གནང་འདུག་པ་མ་ཟད། རྒྱ་ནག་གི་དུས་བཀག་བསྐྱར་ཞིབ་ཐོག་བོད་དོན་གླེང་དགོས་པའི་མཚན་རྟགས་བསྡུ་རུབ་ཀྱི་ཞུ་སྐུལ་དེར་འཛམ་གླིང་ས་ཕྱོགས་གང་སར་གནས་འཁོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ ༧༠༠༠ ལྷག་གིས་རྒྱབ་སྐྱོར་གནང་བའི་མཚན་གཞུང་ཁག་ཀྱང་ཕུལ་འདུག

དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པས་རང་ཉིད་ཀྱི་ངོ་དེབ་ཐོག་བརྙན་ཐུང་ཞིག་འདོན་སྤེལ་གནང་བའི་བརྒྱུད། Tibet Advocacy Coalition  ཞེས་ བོད་དོན་ཞུ་གཏུག་ཐུན་མོང་ཚོགས་པས་འདས་པའི་ལོ་གཅིག་རིང་འཛམ་གླིང་རྒྱལ་ཁབ་སུམ་ཅུ་ལྷག་གི་ཕྱི་འབྲེལ་ལས་བྱེད་པ་རྣམས་དང་ཐུག་འཕྲད་གནང་སྟེ་བོད་ཀྱི་གནས་ཚུལ་ངོ་མ་སྙན་གསེང་ཞུས་པ་དང་རྒྱ་ནག་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་དེ་ཁོ་ཚོའི་རྫུན་གཏམ་ཁྲིམས་མཐུན་བཟོ་བའི་གླེང་སྟེགས་ཤིག་ཏུ་བེད་སྤྱོད་གཏོང་ཐབས་བྱེད་བཞིན་ཡོད་ཀྱང་། བོད་དོན་ཞུ་གཏུགས་ཐུན་མོང་ཚོགས་པ་ནས་འཛམ་གླིང་ཀུན་ལ་རྒྱ་ནག་གིས་བོད་མིར་གདུག་རྩུབ་ཀྱིས་བཙན་གནོན་བྱས་དང་བྱེད་བཞིན་པའི་དངོས་ཡོད་གནས་ཚུལ་རྣམས་ཐེར་འདོན་སླད་མུ་མཐུད་འཐབ་རྩོད་གནང་རྒྱུ་ཞེས་གསུངས་ཏེ་རྒྱལ་ཚོགས་ཀྱི་རྒྱ་ནག་ཐོག་གི་དུས་བཀག་བསྐྱར་ཞིབ་ཚོགས་འདུའི་སྐབས་བོད་དོན་གླེང་སློང་དགོས་པའི་ཞུ་སྐུལ་གནང་འདུག

གཞི་རྩའི་རྒྱ་ནག་ཐོག་དུས་བཀག་བསྐྱར་ཞིབ་ཐེངས་ ༤ འཚོགས་འཆར་ཡོད་པ་དང་བསྟུན་ནས་བོད་དོན་གླེང་དགོས་པའི་ཞུ་སྐུལ་གནང་བ་ཉེ་ཤོས་ལ་གཞིགས་ན། CECC ཞེས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་དང་འཛིན་སྐྱོང་གི་སྐུ་ཚབ་བཅས་ལས་གྲུབ་པའི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་ཨ་རིའི་ཕྱི་སྲིད་དྲུང་ཆེར་བོད་གཙོས་པའི་རྒྱ་ནག་གི་ཆབ་སྲིད་བཙོན་པ་ཁག་གཅིག་མིང་འདོན་གནང་སྟེ། ཨ་རིའི་ངོས་ནས་དུས་བཀག་བསྐྱར་ཞིབ་སྐབས་བཙོན་པ་དེ་དག་གི་གནད་དོན་ཐད་རྒྱ་ནག་ལ་དྲི་རྩད་གནང་དགོས་པའི་ཞུ་སྐུལ་གནང་བ་དང་དེ་བཞིན་ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀ་ལས་གྲུབ་པའི་གྲོས་ཚོགས་འཐུས་མི་ཁག་གཅིག་དང་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ནས་རང་ཉིད་ཀྱི་སྲིད་གཞུང་ལ་བོད་དོན་གླེང་སློང་དགོས་པའི་ཞུ་སྐུལ་གནང་བ་མ་ཟད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་མཐུན་ཚོགས་ཀྱིས་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ཅིག་མཉམ་སྦྲེལ་ཐོག་རྒྱ་ནག་གིས་བོད་གཙོས་ཀོམ་བྷོ་ཌི་ཡ་དང་བྱང་ཀོ་རི་ཡའི་སྐྱབས་བཅོལ་བར་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱིས་བདེན་དོན་ཐེར་འདོན་ཐོག་སྙན་ཐོ་ཁག་གསུམ་འགོད་འབུལ་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།